Posts

Showing posts from October, 2008

ང་སྤེ་ཏི་ནས་ངུས་པ།

Image
ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ནི་རྒྱ་ནག་རྒྱལ་ཁབ་ཀྱི་ཨོ་རྩལ་རྩེད་འགྲན་གྱི་མཛད་སྒོའི་དུས་ཆེན་གྱི་ཉིན་མོ་རེད། ཟླ་དེའི་ཚེས་༤ ཉིན་གྱི་ཞོགས་པར་ང་ཚོ་མི་གྲངསལྔ་བཅུ་ང་དྲུག་ཙམ་ཞིག་བོད་ཆེན་པོ་མངའ་རིས་དང༌། མངའ་བདག་འོད་སྲུང་ཆེན་པོའི་དབང་རིས་སུ་གཏོགས་པའི་མངའ་རིས་སྤེ་ཏི་རྟ་ཕོ་གྲོང་ཚོ་ན་ཡོད། གནས་དེ་ནི་ད་ལྟའི་བཤད་སྲོལ་ལྟར་ན་རྒྱ་གར་གྱི་ཡུལ་དུ་འབོད་མོད། དེ་རུ་རྒྱ་གར་གྱི་དྲི་ཙམ་མེད་པར་ཕྱིའི་ཁོར་ཡུག་གི་བཀོད་པ་དང༌། གནམ་གཤིས། མིའི་སྤྱོད་ལམ་གྱི་རྣམ་པ༌། སྡོད་ཁང་སོགས་འཚོ་བའི་ཁྱད་ཆོས་ཡོངས་སུ་རྫོགས་པར་བོད་དྲི་ཞིག་གིས་ཡོངས་སུ་བསྟིམས་ནས་འདུག ང་ཚེས་ཉིན་ཤིང་བཟའ་རིན་པོ་ཆེ་གཙོ་བོར་བྱས་པའི་ང་ཚོ་བོད་སྐྱོད་པ་རྣམས་ཀྱིས་མཚན་མོར་བོད་ཀྱི་ས་མཚམས་བརྒལ་བའི་འཆར་གཞི་བཏིང་སྟེ་གནས་དེར་གསང་ཡིབ་བྱས། ང་ཚོ་ཡིབ་སའི་ས་དེ་ནས་ད་ལྟའི་བོད་ཀྱི་ས་མཚམས་བར་ཏག་ཏག་ལེ་དབར་༢༦ ལས་མེད། ང་ཚོའི་སེམས་སུ་སྐྲག་སྣང་ཡོད་ལ། དགའ་སྤྲོ་ཡང་ཡོད། ང་ནི་ཅི་ལ་ཡང་བློ་ཐག་ཆོད་དཀའ་བའི་སེམས་ཆུང་ཞིག་ཡིན་པས། ལས་འགུལ་འདིའི་ཁྲོད་ཞུགས་པར་སེམས་ཀྱི་འཐབ་རྩོད་མང་པོ་ཞིག་བརྒྱུད་དགོས་ཐུག་ཅིང༌། གཅིག་ན་ང་རྒྱ་དམག་གིས་བསད་ན་ཅི་བྱེད། བཙོན་དུ་བཅུག་ན་ཅི་འདྲ་ཡིན་ནམ། གཉིས་སུ་ཕ་མ་གཉིས་ཀྱིས...

གླུ་སྐད་ཆད་པའི་བརྡ་རྟགས།

ཉི་མའི་འོད་ཟེར་གྱོན་པའི་བྱ་ཁྱུ་སྔོན་མོས།། འཕུར་སྟངས་གསར་བ་ཞིག་གི་ནད་ཡུམས་ཐོན་ཏེ།། གླིང་འདིའི་ཕྱོགས་བཞིར་འཕུར་བའི་སྟ་གོན་རིང་མོས།། ཁ་བའི་གླུ་སྐད་ཆད་པའི་བརྡ་ཞིག་རྒྱབ་སོང༌།། ¡¡ སྡེ་ཆེན་གླིང་ནས་ཐོན་པའི་གསར་འབྱོར་གླུ་བ།། ཨ་མའི་རེ་བ་སྐྱོར་བའི་དབྱངས་སུ་ཞུགས་ཀྱང༌།། རྐང་རྗེན་སྣང་བ་འཁྲུལ་བའི་ཚོ་ཁག་ཅིག་གིས།། སེམས་ཀྱི་རྨུ་ཐག་ཆད་པའི་རྐྱེན་ཞིག་བསླངས་སོང༌།། ¡¡ མིག་ཟུང་རྡོག་སྣེར་བྱེར་བའི་སེམས་ཀྱི་འཆར་སྒོས།། སྤྱི་དོན་གཏིང་ནས་བོར་བའི་ངོ་ཚ་མ་ཚོར།། ཚེར་མའི་རྐང་རྟེན་ཉུལ་བའི་རྩོལ་བར་ཞུགས་ཏེ།། སྐྲ་ལོའི་ཁ་དོག་བརྗེ་བའི་གར་ལ་ཆས་སོང༌།། ¡¡ འོད་ཀྱི་ཞབས་རྗེས་འཁྲུངས་པའི་ནགས་མའི་ཚལ་དུ།། གླུ་སྐད་དྭངས་མོ་ཞིག་གི་དབྱངས་རྟ་མ་ཆགས།། སྐྱི་པགས་གདོང་རས་གཡོ་བའི་འཛུམ་མདངས་ཕག་ན།། འགྲོ་སྟངས་སྒྱུ་མ་ཅན་གྱི་གོ་རིམ་སྦྲུམ་ཡོད།། ¡¡ མཚོ་བྱ་དཀར་མོས་ས་ཆེན་ལྟེ་སྙིང་བསྒུལ་དུས།། དགའ་དད་སྤྲོ་བའི་འཛུམ་བརྒྱ་གདོང་ནས་གྲོལ་ཀྱང༌།། མཚོ་གླིང་མུན་པ་བབས་པའི་བསམ་གཞིགས་གྲང་མོས།། ཞེ་རྩ་སྡུག་གིས་བཟུང་བའི་མྱ་ངན་བོས་བྱུང༌།། ¡¡ མཚོ་མོའི་བརྩེ་དུང་བོར་བའི་བྱ་ཁྱུ་འཁྱམ་པོས།། གཤོག་ཟུང་རྣག་གིས་ཟོས་པའི་དོན་རྩར་མ་གཞིགས།། ཕུགས་བསམ་རིང་ནས་བསྐྱལ་བའི་ལོ་ཟླ་ཁུར་སྟེ།། རྒྱ་མ...

ས་ཆེན་སྒུལ་བའི་གཤེད་མ།

༼དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཡོ་ལང་འཁྲིགས་པའི་མིའི་སྤྱི་ཚོགས་ཀྱི་སྣང་བརྙན་ཚིགས་སུ་བཅད་པ།༽ དུས་ངན་སྙིགས་མའི་རང་འཚང་བརྡོལ་བ་མི་ཡུལ་གླིང་གི་མཐའ་བཞིར་སྨིན།། དེང་གི་སྤྱི་ཚོགས་འཚོ་བའི་དམིགས་དོན་སྒོར་མོའི་འཚོལ་སྒྲུབ་ཁོ་ནར་ཕྱོགས།། སྐྱ་སེར་གཉིས་མེད་སྒོར་གྱི་དོན་དུ་གསེར་གྱི་དུས་ཚོད་འགྲན་བཞིན་བརྟས།། ས་ཆེན་སྒུལ་བའི་གཤེད་མར་འཁུ་བའི་སྒོར་འདིའི་ཉེས་པ་འདོན་པར་སྤྲོ།། གྲྭ་བས་ཁྱིམ་པའི་རུ་སྒོ་ཉུལ་ཏེ་སྐད་ངག་འགག་པ་སྒོར་གྱི་དོན།། ཁྱིམ་པས་ཚེ་སྲོག་རུས་པར་གཏུགས་ཏེ་འདུར་རྒྱུགས་བྲེལ་བ་སྒོར་གྱི་དོན།། འཕྱོན་མས་སྐག་ཚོས་གདོང་ལ་བྱུག་སྟེ་ཁྲོམ་ལམ་ཉུལ་བ་སྒོར་གྱི་དོན།། སྡར་མས་ངོ་ཚ་རྒྱབ་ལ་གཡུགས་ཏེ་ལྟག་སྒོ་འགྲིམ་པའང་སྒོར་གྱི་དོན། མིག་ཟུམ་ཐལ་སྦྱོར་དབྱངས་རྟའི་ཁྲོད་ན་རྔ་སྦུབ་འཁྲོལ་བ་སྒོར་གྱི་དོན།། ངོ་འབག་སྟུག་པོའི་སྐྱོ་ཉམས་གྱོན་ཏེ་སྤྱིོ་དོན་སྨྲ་བ་སྒོར་གྱི་དོན།། ཚུལ་འཆོས་ལྭ་བའི་རུམ་ཁ་ཟུམ་ཏེ་ཉམས་ལེན་འཆད་པ་སྒོར་གྱི་དོན།། བླ་མའི་ཐོབ་ལ་བརྩོན་ལེན་བྱས་ཏེ་ཁྲི་ཁར་འགྱིང་བའང་སྒོར་གྱི་དོན།། སྤྲང་བོའི་སློང་ཁ་ཉི་མར་གཟེད་དེ་སྨྲེ་ངག་བཟློ་བ་སྒོར་གྱི་དོན།། སྐུ་ངོའི་རྐུབ་སྟེགས་བཙན་གྱིས་སྲུང་སྟེ་ཨུ་ཚུགས་སྦྲེལ་བ་སྒོར་གྱི་དོན།། ཕྱི་གླིང་ཨ་མའི་གཉེར་རིས...

ཁྱོད་ད་དུང་གཉིད་དགོས། ཅིས་ཀྱང་གཉིད་དགོས།

༡ མི་ཁ་ཤས་ཤིག་གིས་ཧ་ཅང་སྙིང་ཉེ་ཉེ་དང་ཤ་ཚ་མདོག་གིས་ནམ་རྒྱུན་ཁྱོད་རང་གཉིད་ལས་ལངས་དགོས་པའི་དྲན་སྐུལ་ཡང་ཡང་བྱེད་སྲིད་མོད། འོན་ཀྱང༌། ཁྱོད་ཀྱིས་དེའི་རིགས་ལ་ཁ་ཡ་གཏན་ནས་བྱེད་མི་དགོས། མ་གཞི་མི་དེ་ཚོས། ཁྱོད་རང་འཇིག་རྟེན་འདིར་གཉིད་ཀྱི་ཆེད་དུ་ཡོང་བ་ཡིན་པ་ཚོར་མེད་ལ། ད་ལྟ་གཉིད་ཀྱི་ཆེད་དུ་འཚོ་བཞིན་པའང་ཤེས་མེད། དེ་བས་ཁྱོད་རང་ད་དུང་གཉིད་དགོས། ཁྱོད་རང་དེ་ལྟར་གཉིད་པ་ནི་ཁྱོད་ཀྱི་བསོད་ནམས་རེད་ལ། ཁྱོད་རང་ནམ་ཡང་གཉིད་ལ་རོལ་བ་ནི་ཁྱོད་ཀྱི་ཐོབ་ཐང་རེད། ཡང་སྙིང༌། ཐོབ་ཐང་དེ་ལོངས་སུ་སྤྱོད་རྒྱུ་ཡང་ཁྱོད་ཀྱི་ཐོབ་ཐང་རེད། ༢ མཚམས་རེར་སྒོ་དང་སྒེའུ་ཁུང་ཕྱི་རོལ་དག་ནས་མིའི་སྐད་སྒྲ་རེ་གྲགས་འོང་ལ། སྐད་སྒྲ་དེའང་བྲག་ཅ་བཞིན་ཁྱོད་ཀྱི་རྣ་བར་འཁོར་ངེས། ཡིན་ནའང༌། ཁྱོད་རང་རྨི་ལམ་གྱི་མངའ་ཐང་སྲུང་ཕྱིར་སྔར་བཞིན་གཉིད་དགོས་ལ། ད་དུང་ཅིས་ཀྱང་གཉིད་དགོས། གཉིད་ངོགས་ཀྱི་འཚོ་བ་ལ་བདེ་སྐྱིད་ཀྱི་དྲོད་ཁོལ་འཛོམས་ཤིང༌། རྨི་ལམ་གྱི་རྩེད་རྭ་ལ་དྭངས་གཙང་གི་འགྱུར་ཁུགས་འཁྱིལ་བ་དངོས་ཡོད་ཡིན། ཁྱོད་གཉིད་ཁུག་པ་ནི་ཁོར་ཡུག་ཞིག་གི་ལྷིང་འཇགས་རེད། ཁྱོད་གཉིད་སད་པ་ནི་ཁྱོད་ཉིད་འབོར་བའི་སྔ་ལྟས་རེད། དེ་བས་ལྷིང་འཇགས་ཀྱི་ཕྱིར་དུ། རང་ཉིད་ཀྱི་ཆེད་དུ་ཁྱོད་རང་ད་དུང་གཉིད་དགོས། ཅིས་...