2009/05/26

ཁོ་སུ་རེད་དམ།

ཡལ་འདབ་འཛིངས་པའི་སྡོང་མགོ་དེ་ནས་
སིལ་ཏོག་སྙིང་རྗེ་བོ་ཞིག ཐོལ་གྱིས་ལྷུང་བྱུང
ངས་ཚོད་ཚོད་ལ་ཟ་འདོད་མེ་ལྟར་འབར་ཀྱང
ཨ་མས་བཤད་ན དེ་རུ་ནད་ཡམས་ཤིག་གི་འབྱུང་རྐྱེན་ཡོད་རབས་ཟེར
ཨ་ཕས་སྨྲ་ན དེ་ནི་མེས་པོ་ཤི་བའི་འདས་རྐྱེན་ལའང་འབྲེལ་ཟེར

གཏམ་ཡན་གློ་བུར་བ་ཞིག་གིས ང་ཡང་ཧར་གྱིས་བསྡམས་སོང་ལ
སིལ་སྡོང་གི་རྩེ་རུ་སྨིན་པའི་ཤིང་ཏོག་ཁེར་རྐྱང་དེའང
མིག་ལ་ཡང་ཡང་ཐོགས་དགོས་བྱུང

ཕྱི་མིག་དང་འཛུམ་མདངས་ཀྱི་སྣེ་ནས སིལ་སྡོང་དེ་དེ་ལྟར་རྒས་ཤིང་
རྣམ་རྟོག་དང་འདུ་འཛི་ཡི་གསེང་ནས སིལ་ཏོག་དེ་སླར་ཡང་དྲན་དུས
ང་ནི བྱེ་མ་མོད་པའི་བྱང་ཐང་ཞིག་གི་བདག་པོར་གྱུར་ཡོད
ཁོ་ཡང ཙད་པ་ཆེ་བའི་ཡུལ་ལུང་ཞིག་གི་སྤྲང་བོར་གྱུར་སོང

འདས་དོན་གྱི་ཀློང་ནས་ཐོལ་གྱིས་སད་པ་ནི
ཁྱི་སྨྱོན་མགོར་རྡོ་ཕོག་པ་དང་འདྲ་བར
སྨྱོ་འཚུབ་འཚུབ་དང་དབུགས་ལྷེམ་ལྷེམ་དུ
གབ་ཚིག་ཞིག་གི་སྦས་དོན་གླེང་བཞིན
སླར་ཡང དོན་རྐྱེན་ཞིག་གི་གསེང་དུ་ཡིབ་སོང
དོན་ངོ་མར ཁོ་སུ་རེད་དམ
༢༠༠༩།༥།༢༠ཉིན་ལ།

འགྱིག་གི་ཨ་ཀྲད་དེ་འཚིག་ཀྱང་སྲིད།

སུས་ཀྱང་ཁྱུར་མིད་དཀའ་བའི་ཐ་སྙད་སྐྱུག་བྲོ་བོ་དག
སྒོ་ཁྱི་འགའི་ཁ་ཟས་སུ་གྱུར་པ་ནི སྡང་སྡིག་གི་ངོ་སྲུང་མ་ཐུབ་པས་ཡིན་ནམ
ཡང་ན འགྲམ་པ་ས་ལ་རླན་པའི་སྤྱོད་སྟངས་དེར་ཉམས་ལེན་མ་ནུས་པས་ཡིན

རླུང་འཚུབ་དེས སའི་གོ་ལའི་མཐའ་སྣེའང་རལ་བར་གྱུར
ས་བཀྲའི་རི་མོ་དེ་ཟད་ཀྱིན་ཟད་ཀྱིན ལོ་རྒྱུས་ཀྱི་གསང་བ་ཤོར་ཡང
གདོང་གི་སྐྱི་པགས་དེ་ཐེད་ཀྱིན་ཐེད་ཀྱིན དོན་རྐྱེན་དེ་ཞི་འཇགས་ག་ལ་ཐུབ

འཛུབ་མོ་ལྔ་དམ་དུ་སྦྲེལ་ན ཁུ་ཚུར་སྲ་ཐག་ཐག་ཅིག་གྲུབ་ཟེར
ཨུ་ཐུག་དང་ཁོང་ཁྲོ་ལྷན་དུ་འབར་ན མེ་ལྕེ་དེའང་ཚོད་མེད་དུ་མཆེད་པར་ངེས

མེ་ལྕེ་དེའི་ཟིལ་ཤུགས་ལས ད་དུང
ལོ་དུ་མའི་སྔོན་ལ རྒྱལ་སྤྱིའི་ཁྲོམ་ར་སོགས་བསླུས་མྱོང་བའི་
འགྱིག་གི་ཨ་ཀྲད་དེའང ཚོད་ཚོད་ལ་འཚིག་ཀྱང་སྲིད་ཨང
༢༠༠༩།༥།༢༡ཉིན་ལ།

རྗེས་དྲན་བྱིས་པའི་ངུ་ངག

དགེ་བའི་བཤེས་གཉེན་ཆེན་པོ་༸རྗེ་དགེ་འདུན་རྒྱ་མཚོ་མཆོག་སྐུ་ཆོས་དབྱིངས་སུ་གཤེགས་རྗེས།
ཉི་མའི་འོད་སྣང་རྒྱང་དུ་ཡིབ།།
ཟླ་བའི་འཛུམ་ཞལ་མཁའ་ནས་ཡལ།།
སྤྲིན་པའི་འདུ་འགོད་ཆེར་འཁྲིགས་པས།།
ས་ཆེན་གླིང་འདི་མུན་པས་གཡོགས།།

མི་འདོད་ལས་ཀྱི་དབང་ཤུགས་ཀྱིས།།
བསྟན་པའི་ཀ་ཆེན་རྨང་ནས་འགྱེལ།།
ཟླ་བ་མེད་པའི་མཚན་མོ་འདིར།།
ངུ་ངག་འོ་དོད་སུ་ལ་འབོད།།

སྟོན་པའི་བཀའ་ལུང་རྒྱང་དུ་བོར།།
བསྟན་པའི་མེ་འོད་འཆི་བར་ཕྱོགས།།
སྙིགས་མའི་མི་ཡི་མགོན་དཔུང་ནས།།
བསམ་བཞིན་གཤེགས་འདི་ཅི་ཡིས་ནོངས།།

འདི་ཕྱིའི་དབྱེ་བ་ཁ་ལ་འཁྱེར།།
ཉམས་ལེན་བྱ་བས་གཞི་ནས་ཕོངས།།
ཚིག་སྐམ་ཙམ་གྱིས་དུས་འདའ་བའི།།
ཆོས་པའི་ཚོགས་འདིར་ཁྱེད་ཉིད་མཁོ།།

སློབ་འབངས་འཁོར་གྱིས་ས་ཆེན་ཟིན།།
ལེགས་བཤད་དྲི་ཡིས་ཕྱོགས་བརྒྱར་ཁྱབ།།
བསླབ་གསུམ་ཁྲིམས་ལ་དབང་འབྱོར་བའི།།
ཁྱེད་འདྲ་ཡང་ཡང་རྙེད་རེ་དབེན།།

འདུས་མཐར་བྲལ་བ་ཆོས་ཉིད་གཤིས།།
གྱེས་པས་གདུང་བའང་རྐྱེན་དེར་ཐོགས།།
འོན་ཏེ་མགོན་མེད་སེམས་ཅན་རྣམས།།
ཕངས་མེད་བསྐྱུར་འདི་བཟོད་ལགས་སམ།།

བརྩེ་ཆེན་ཐག་པ་དབྱིངས་ནས་ལྷོད།།
ཐུགས་དགོངས་ཟབ་མོ་གཞན་གཏད་ཀྱང་།།
སྡུག་དང་གདུང་བའི་ངུ་ངག་གིས།།
ཁྱེད་སྤྲུལ་གཞོན་ནུར་ཡང་ཡང་འབོད།།
༢༠༠༩།༥།༢༡ཉིན་ལ།

2009/05/10

ཇི་ལྟར་བྱས་ནས་ཟིན་བྲིས་ལེགས་པོ་ཞིག་འབྲི་དགོས་སམ།

ཟིན་བྲིས་ལེགས་པོ་ཞིག་འབྲི་བ་ནི་ཕྱེ་མ་ལེབ་འཛིན་པ་དང་ཀུན་ནས་མཚུངས་ཤིང་། སྐབས་རེར་ཁྱོའི་བསམ་བློའི་ནེའུ་གསིང་དེར་ཕྱེ་མ་ལེབ་སྙིང་རྗེ་བོ་རེ་འཕུར་ནས་ཡོང་གི་རེད། ཡིན་ནའང་ཁ་ཐུག་དེར་འཛིན་མ་ཐུབ་ཚེ་གཏན་དུ་བརླག་འགྲོ་གི་རེད། འདི་ལྟར་ཟིན་བྲིས་ཤིག་འབྲི་བའི་བསམ་བློ་དེའང་སྙིང་རྗེ་བོ་རེ་ཡིན་ཡང་། ཁྱེད་ཀྱིས་ལམ་སེང་འབྲི་མ་ཐུབ་ཚེ་རྒྱུ་རྐྱེན་སྣ་མང་གི་དབང་གིས་གཏན་དུ་བརླག་འགྲོ་གི་རེད། ཟིན་བྲིས་ལེགས་པོ་ཞིག་འབྲི་སྐབས་ཀྱི་ཁོར་ཡུག་གཞན་ཞིག་ནི་གོང་གི་པར་རིས་ལྟར་རེད། ཟིན་བྲིས་པ་ཞིག་གི་འཚོ་བའི་ཞིབ་ཆ་ནི་འདི་འདྲ་ཞིག་ཡིན་ཡང་སྲིད།

དང་པོ། གནས་ཚུལ་ཞིག་ཁྱེར་ནས་ཤོག

མི་རྣམས་ཀྱིས་ནམ་རྒྱུན་གནས་ཚུལ་ཞིག་ལ་ཉན་བསྡད་ཡོད་པ་རེད། ཁོང་ཚོས་ཁྱེད་ཀྱི་ཟིན་བྲིས་ཡང་སྔོག་བསྐྱར་སྔོག་བྱེད་དོན་ཡང་རྒྱུ་མཚན་འདིའི་དབང་གིས་ཡིན་སྲིད། དེར་བརྟེན་ཁྱེད་ཀྱི་ཟིན་བྲིས་དེ་གནས་ཚུལ་གྱིས་ཕྱུག་པོ་ཞིག་བཟོ་རྒྱུ་ནི་ཁྱོའི་ཟིན་བྲིས་ལེགས་པོ་ཞིག་འཁྱོངས་མིན་གྱི་གོམ་པ་དང་པོ་དེ་ཡིན།

གཉིས་པ། བརྗོད་གཞི་ཞིག་གི་སྟེང་ནས་སྡོད།

ཟིན་བྲིས་པ་ཞིག་ལ་མཚོན་ན་ཁྱེད་ཀྱིས་མི་ཚོར་ནམ་རྒྱུན་གནས་ཚུལ་གསར་པ་དགོས་པས་མི་ཚད། ཁོང་ཚོར་བསམ་ཚུལ་གླེང་རོགས་ཤིག་དགོས་པ་དེ་ཤེས་དགོས། དོན་ངོ་མར་ཁོང་ཚོས་ནམ་རྒྱུན་ཁྱེད་ཀྱི་ཟིན་བྲིས་སྔོག་དོན་ཡང་ཁྱེད་ལ་ནམ་རྒྱུན་བསམ་ཚུལ་མི་འདྲ་བ་དང་གསར་བ་ཡོད་པའི་དབང་གིས་ཡིན་སྲིད། དེར་བརྟེན་ནམ་རྒྱུན་གནད་དོན་དང་གནས་ཚུལ་གང་ཡིན་རུང་རང་གི་ཟིན་བྲིས་ཀྱི་ནང་བཀོད་ནས་བསམ་ཚུལ་འདོན་རྒྱུ་ནི་ཁྱེད་ཀྱི་ཟིན་བྲིས་ཡག་པོ་ཞིག་འཁྱོངས་རྒྱུའི་གོམ་པ་གཉིས་པ་དེ་ཡིན།

གསུམ་པ། ཁ་གསལ་བོ་དང་མདོར་བསྡུས་ནས་ཕྲིས།

མི་རྣམས་ལ་འདི་ལྟའི་ཤེས་འདོད་ཉན་འདོད་ཀྱི་གཤིས་ཀ་བཙན་པོ་ཞིག་ཡོད་ནའང་། ཁོང་ཚོ་ཐང་ཆད་སླ་ཞིང་སུན་ཆོག་ཆོག་ཡིན། ཁོང་ཚོས་རྩོམ་ཡིག་རིང་པོའི་གྲས་ཀློག་གི་མ་རེད། དེ་བས་ཁྱེད་ཀྱི་ཟིན་བྲིས་དེ་ཐུང་ཐུང་དང་གསལ་བོ་ཡིན་རྒྱུ་གལ་ཆེ་ལ། ནམ་རྒྱུན་ཡིག་འབྲུ་ ༥༠༠ ལས་ལྷག་མ་འབྲི། གཤིས་ཀ་འདི་གོམས་སོང་ཚེ་འབྲི་མཁན་དང་ཀློག་མཁན་གཉིས་ཀས་སྟབས་བདེ་བོའི་སྒོ་ནས་ཟིན་བྲིས་དེ་རྒྱུན་སྐྱོང་ཐུབ་གི་རེད།

བཞི་པ། བྲོ་བ་ཆེ་ན་སྤྲོ་བའང་འཕེལ།

མི་ཚོས་ཁྱེད་ཀྱི་ཟིན་བྲིས་ཀློག་འདོད་ཆེ་དོན་ནི་ཁྱེད་ཀྱི་ཟིན་བྲིས་འབྲི་སྟངས་དང་སྐད་ཆ་བཤད་སྟངས་ཀྱི་དབང་གིས་ཡིན་ཡང་སྲིད། དེ་བས་ཡིག་མགོ་བཟུང་བ་ནས་རང་ཉིད་ཀྱི་ཁྱད་ཆོས་ཤིག་དགོས་རྒྱུ་གལ་ཆེ། ཡིན་ནའང་སྙན་ངག་མ་འབྲི། མངོན་བརྗོད་མ་བཀོལ། གཞུང་ཡིག་འབྲི་སྟངས་ལྟར་མཆོད་མརྗོད་སོགས་ཀྱི་རིམ་པའང་མི་དགོས། ཁྱེད་ཀྱི་འབྲི་སྟངས་ལྟར། ལས་སླ་མོ་དང་གུ་ཡངས་པོ། དོན་གཟུ་མོ། གནད་ལྗིད་མོ། སྣང་བ་སྐྱིད་པོ་བྱས་ནས་ཕྲིས།

ལྔ་པ། ཞུ་དག་བྱོས། ཞུ་དག་བྱོས། བསྐྱར་དུ་ཞུ་དག་བྱོས།

ཡི་གེའི་དག་ཆ་ལ་ངེས་པར་དུ་གཟབ་དགོས། ཀློག་མཁན་ཚོས་ཡིག་ནོར་གྱི་ཕུང་གསོག་ཁྲོད་ནས་དོན་དག་གལ་ཆེན་འཐུས་ཚང་ཞིག་གོ་ཁག་པོ་ཡིན། དེར་བརྟེན་ཟིན་བྲིས་ཀྱི་མ་ཟིན་ཕབ་མ་ཐག་ཤར་རྒྱག་དྲ་ངོས་སུ་སྤེལ་རྒྱུར་བྲེལ་བ་མ་ལངས། ཐོག་མར་རང་ཉིད་ནས་གང་ཐུབ་ཀྱིས་ཞུ་དག་བྱེད་དགོས། ཕྱོགས་གཞན་ནས་བཤད་ན། ཟིན་བྲིས་ཡག་པོའི་དོན་ནི་བྲིས་ལེགས་པོ་དང་གཙང་མ་ཞིག་དགོས་པ་འདི་ཡིན།

དྲུག་པ། ཨ་ལན་དང་ཡ་ལན།

ཟིན་བྲིས་ཀྱི་ནང་དུ་སྣང་བ་སྐྱིད་ཤོས་ཤིག་ནི་ཁྱེད་ཀྱི་ཀློག་མཁན་རྣམས་དང་མཉམ་དུ་གླེང་མོལ་བྱེད་རྒྱུ་དེ་ཡིན། ཀློག་མཁན་རྣམས་ཀྱིས་ཁྱེད་ཀྱི་བསམ་ཚུལ་སྟེང་ནས་རང་རང་གི་དོགས་པ་གཅོད་པ་དང་། ཡང་ན། དཔྱོད་གླེང་། གཤིབ་བསྡུར། ཞིབ་འཇུག སོགས་བྱེད་ལ། མཚམས་རེར་ཁྱེད་ལ་རྒྱབ་སྐྱོར་དང་སྐབས་རེར་ལམ་སྟོན་ཡང་བྱེད་གི་རེད། དེར་བརྟེན་ཟིན་བྲིས་འབྲི་སྐབས་ཀློག་མཁན་གྱི་བསམ་ཚུལ་ལ་སྐབས་ཐོག་ཏུ་ལན་འདེབས་བྱེད་རྒྱུ་ནི་གལ་ཆེ་ཤོས་དེ་ཡིན། ཀློག་མཁན་གྱི་ས་ནས་སློབ་སྦྱོང་བྱེད་དགོས།

ཞོར་འཕྲོས་ཀྱི་ཐབས་འགའ།
༡། གསར་འགྱུར་རྙིང་བ་ནི་གསར་འགྱུར་མིན།
༢། ཁ་བྱང་ནི་མིག་འཛིན་བྱེད་ཀྱི་རྙི་ཐག་ཡིན།
༣། བགྲོ་གླེང་གི་དུས་རབས། ཟིན་བྲིས་པའི་མི་རབས།
༤། ཀློག་མཁན་གྱི་རེ་སྒུག་དུས་ཐོག་ཏུ་སྐོང་ཐུབ་དགོས།
༥། གེ་སར་གྱི་སྒྲུང་ནི་ཟིན་བྲིས་ནང་མ་འགོད།
༦། མཐའ་མ་དེར། ཟིན་བྲིས་ནི་སྒེར་གྱི་ཉིན་ཐོ་རེད། དེ་བས་སྐབས་རེར་མི་སུས་ཀྱང་ཀློག་གི་མེད་པ་ལྟར་སྒེར་གྱི་འཚོ་བ་རེ་ཕྲིས། གསང་བ་ཡིན་ཁུལ་བྱོས། སྐྱིད་གི་རེད། མང་བོ་ཞིག་ཁྱེད་ཀྱིས་ཕྱིར་མི་བརྟོལ་བ་བཞིན་ཀློག་མཁན་གྱིས་ཀྱང་རེ་ལྟོས་བྱེད་གི་མ་རེད།

བྱེས་ཀྱི་༼དུས་བབ་ཟིན་བྲིས་༽ནས་འདིར་འདྲེན་བཀོད་བྱས།

བོད་ཚིགས་སུ་བཅད་པ།

ནོར་གྱི་རྡང་ཐག་ཆད་པའི་སེམས་རྩ་གྲང་མོ།།
ཞིང་ཁའི་རྣང་མ་་བོར་བའི་ངོ་མདངས་གཉོམ་པོ།།
ཁ་གཡང་བསླུ་བྲིད་བསྣོལ་བའི་བཀོད་ཁྱབ་བཙན་པོས།།
ཨར་འདམ་རྣོ་ལྕགས་སྦྲེལ་བའི་འཚོ་བར་སྒྲིལ་ཡོད།།

མེ་ཏོག་སྤང་ནས་འཐོར་བའི་ཐན་ལྟས་ཤིག་གིས།།
མགོ་སྦྲ་རླུང་གིས་འཁུར་བའི་འཇིགས་དངངས་ཚོར་བྱུང་།།
རྩྭ་རྐང་རྩད་ནས་སློག་པའི་འཕྲུལ་གྱི་སོ་བར།།
དམར་བོ་ལྕེ་སྣེ་བསྲིངས་པའི་བློ་སྤོབས་འཐག་ཡོད།།

ཀ་ཁའི་སྐེ་རྩ་བསྒག་པའི་འཁུན་སྒྲ་གཉོམ་པོ།།
མ་ཎིའི་ཐེ་ཇུས་གླེང་བའི་དབྱངས་རྟ་རལ་བོ།།
འཆར་གཞི་གཏིང་ནག་ཅན་གྱི་ལས་མཁན་དེ་ཡིས།།
འདི་དང་ཕྱི་མའི་མཚམས་ཀྱི་ཐོ་རུ་བསླངས་ཡོད།།

ཉལ་ཐའི་བཟི་སྣང་འདྲེས་པའི་ཆང་ཁང་ནག་པོ།།
སྨད་འཚོང་བུ་མོ་གཉེར་བའི་ཇ་ཁང་ཞིམ་པོ།།
རྒྱ་གྲོག་སྔོན་མོས་ཁེངས་པའི་གྲོང་དང་གྲོང་ནས།།
མི་སྡེ་ཚོ་ཁག་རལ་བའི་བཀོད་པར་ཕུབ་ཡོད།།

ནོར་གྱི་བམ་ཁ་མཐུག་པོའི་བསླུ་ལུགས་ཤིག་གིས།།
བསམ་བློའི་འབྱོར་ཕྱུག་ཚོང་ཟོང་ཁྲོམ་ལ་བཤམས་འདུག།།
ཁྱིམ་གྱི་མཐུན་འབྲེལ་ཨ་ལོང་གཏོར་བར་འདོད་དེ།།
རུས་དང་རིགས་ཀྱི་གོང་བུ་དུམ་བུར་བགོས་ཡོད།།

བློ་ཕུགས་འདྲེ་ལ་བཅོལ་བའི་དད་འདུན་རིང་མོ།།
གློ་དང་རྒྱུ་མའི་གསེང་ན་ཁྲག་ཏུ་འདྲེས་སྐད།།
དགྲ་བོའི་རྒྱུ་ནོམ་གཟེད་པའི་བྱེད་སྟངས་སྡུག་པོས།།
སྒོ་ཁྱི་བདག་པོར་སྡང་བའི་ལོ་རྒྱུས་བསྐྲུན་ཡོད།།

གྱི་ལིང་རྟ་ཕོའི་བང་རྩལ་སྒྲོག་གིས་བཅིངས་སོང་།།
སྨུག་པོ་འབྲོང་གི་རྭ་རྩེ་མཚོན་གྱིས་བསྙིལ་སོང་།།
འབོད་པས་གནམ་ས་འགེངས་པའི་དུར་མལ་དེ་ནས།།
གོ་ལའི་ལྟེ་སྙིང་སྒུལ་བའི་ཟིན་ཐོ་བཏབ་ཡོད།།

དགུང་གི་ཉི་མ་སེར་བོའི་རྒས་ཉམས་བསམ་ན།།
ཟླ་བ་ཆུ་ལ་བྱིང་བའི་འདས་དོན་དྲན་ན།།
ཕོ་བྲང་སྟོང་བར་ལྷག་པའི་བྱུང་བ་བསམ་ན།།
མགོ་བོ་བྲང་ལ་དུད་དེ་སྡོད་ལོང་འདུག་གམ།།

༢༠༠༩།༥།༩དགོང་མོར་བྲིས།

2009/05/07

པཱ་ཀི་སི་ཐན་དུ་བོད་ཡིག་གི་འབྲི་རྒྱུན་སླར་གསོ།

མི་ནག་ཚང་ལུང་རིགས་རྒྱལ།
ང་ཚོས་བོད་ཀྱི་རྩ་དོན་གླེང་གིན་ཡོད་ལ། ང་ཚོས་ཕྱིའི་རིག་གཞུང་ནང་འདྲེན་གྱི་སྐོར་དང་ནང་གི་རིག་གཞུང་སྲུང་སྐྱོབ་ཀྱི་སྐོར་བཅས་གླེང་གིན་ཡོད། དེ་ལྟར་ཀྱང་ང་ཚོའི་ཕ་སྐད་དང་་མ་སྐད་ངོ་མ་དེ་ང་ཚོའི་ཕྱི་རབས་པ་ཚོའི་ཁ་ལྕེ་བར་ནས་བརླག་གིན་ཡོད་སྟབས། བོད་དང་བལ་ཡུལ། འབྲུག་དང་འབྲས་ལྗོངས། ལ་དྭགས་ནས་ལྷོ་མོན་རོང་སོགས་གང་དུ་བལྟས་ནའང་བོད་ཡིག་གི་ཚེ་སྲོག་འདིའི་མཐའ་མའི་འཕག་འཚག་ནི་པ་ཀི་སི་ཐན་དུ་རྒྱག་བཞིན་འདུག ལོ་གཉིས་སྔོན་གྱི་སོས་ཀའི་ཞོགས་པ་ཞིག་ལ་རྒྱ་གར་དུས་བབ་གསར་ཤོག་སྟེང་དུ་མིང་ལ་ཁུ་ལོ་ཌི་ཞུ་བ་ཞིག་གིས་''བོད་ཡིག་གི་ལའབྲི་རྒྱུན་པ་ཀི་སི་ཐན་དུ་བསྐྱར་ལོག་བརྒྱབས་པ་''ཞེས་འགོ་བརྗོད་དུ་བཀོད་དེ་པ་ཀི་སི་ཐན་གྱི་མངའ་འོག་ན་ཡོད་པའི་སྦལ་ཏི་ཡུལ་ནས་བོད་ཡིག་སླར་གསོ་བྱེད་བཞིན་ཡོད་པའི་ལས་འགུལ་སྐོར་བྲིས་འདུག་ལ། སྒྲུང་དེ་འགོ་འཛིན་སྐབས། ''འཛམ་གླིང་གི་ཡུལ་ལུང་གང་དུའང་སྐད་ཡིག་སླར་གསོའི་ལས་དོན་ནི་ཆེས་བློ་དོགས་ཀྱི་བྱ་བ་ཞིག་ཆགས་བཞིན་པའི་སྐབས་འདིར། པ་ཀི་སི་ཐན་གྱི་མངའ་འོག་ན་ཡོད་པའི་སྦལ་ཏི་ཡུལ་དུ་ག་ལེར་བོད་ཡིག་གི་འབྲི་རྒྱུན་སླར་གསོ་བྱེད་འགོ་ཚུགས། དེ་ཡང་ས་ཁུལ་དེའི་ཡུལ་སྐད་ཆགས་བཞིན་པའི་ཨུར་ཌོའི་འཁྱུག་བྲིས་ལ་ཁ་གཏད་གཅོག་པ་ཙམ་མ་ཡིན་པར་དོགས་པ་དང་རྣམ་རྟོག་ཆེ་བའི་ཁ་ཆེའི་མུལ་ལ་ཚོར་ཡང་ཁ་གཏད་གཅོག་གི་ཡོད་''ཅེས་བཀོད་ཡོད། སྐར་རྡོ་གྲོང་ཁྱེར་དབུས་བྱས་པའི་སྦལ་ཏི་ཡུལ་ལམ་དེང་སྐབས་ཕྱི་ལུགས་ཀྱི་ཡིག་ཆ་ཕལ་ཆེ་བའི་ནང་སྦལ་ཏི་སི་ཐན་(Baltistan)ཞེས་འབོད་པ་ནི་པ་ཀི་སི་ཐན་གྱི་བྱང་ཤར་མཐའ་མཚམས་སུ་ཆགས་ཡོད་ལ། རོབ་རྩིས་བྱས་ན་ས་ཁྱོན་ལ་ཀེ་ལོ་མི་ཊར་གྲུ་བཞི་མ་༡༠༡༡༨དང༌། མི་འབོར་འབུམ་བཞི་༤༠༠༠༠༠ལྷག་ཡོད་པ་རེད། ཡུལ་འདིའི་མི་རྣམས་ཀྱིས་བོད་སྐད་དམ་སྟོད་སྐད་ཅེས་འབོད་བཞིན་པའི་བོད་ཀྱི་ནུབ་ཕྱོགས་ས་ཁུལ་གྱི་ཡུལ་སྐད་བཤད་ཀྱི་ཡོད་ལ། བོད་ཀྱི་ལོ་རྒྱུས་ལྟར་ན། སྦལ་ཏི་ཡུལ་ནི་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་ཕྱོགས་ཀྱི་སྤུ་ཧྲེང་དང་མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག ཞང་ཞུང་དང༌། ཁྲི་ཏེ་སྟོད་སྨད་སྐོར་གཅིག འཆིམ་མལ་ལི་དང༌། བྲུ་ཤ་དང༌། སྦལ་ཏི་གསུམ་སྐོར་གཅིག་བཅས་བཅད་པའི་ཁྲོད་ཀྱི་སྦལ་ཏི་ཞེས་པ་དེ་ཡིན་ཞིང༌། དུས་རབས་བཅུ་དྲུག་པ་ནས་བཟུང་ཏ་ཟིག་གམ་ཁ་ཆེའི་དབང་བསྒྱུར་འོག་ཤོར་ཏེ་ད་བར་མི་ལོ་༥༠༠ཕྱིན་ལ། འདིའི་རིང་ཁོང་ཚོའི་ཆོས་ལུགས་འགྱུར་ཡོད་ནའང་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ནི་རྩ་ཡལ་དུ་མ་སོང་ཙམ་དུ་གནས་ཡོད་པ་དང༌། དེང་སྐབས་སྦལ་ཏིའི་མི་རྣམས་ཀྱིས་བོད་ཡིག་དང་བོད་སྐད་སོགས་སྦྱངས་ཏེ་སོ་སོའི་ཕ་མེས་ཀྱི་ཆོས་རིག་དང་ཡུལ་སྲོལ་གོམས་གཤིས་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་རྒྱུའི་སྐོར་ལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། སྦལ་ཏིའི་རིག་གཞུང་ཐེབས་རྩ་ཁང་དུ་ཕྱག་ལས་གནང་ཞིང་གེ་སེར་རྒྱལ་བོའི་སྒྲུང་སྦལ་ཏིའི་ཡུལ་སྐད་དུ་ཞིབ་འབྲི་གནང་མཁན་སྐུ་ཞབས་སིད་ཨ་བྷས་ཁ་ཛི་མཱི་ལགས་ཀྱིས་''ང་ཚོ་ནི་ཡུལ་འདིར་དུས་རབས་དྲུག་པ་ནས་བཟུང་བོད་ཀྱི་སྐད་ཡིག་གི་འབྲི་རྒྱུན་ཡོད་པའི་མི་རིགས་ཁོ་ན་དེ་ཡིན་''ཅེས་དང་། ''ཡིན་ནའང་ཀླད་པ་གུ་དོག་པོའི་མུལ་ལ་བ་རྣམས་ཀྱིས་བོད་ཡིག་བཀོོལ་སྤྱོད་མཚམས་འཇོག་དགོས་ཟེར་ལ། དེར་བརྟེན་ལོ་ངོ་འདི་དག་གི་རིང་སྦལ་ཏིའི་ཡུལ་སྐད་དང་ཡི་གེའི་འབྲི་ཀློག་གི་འཕེལ་རིམ་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་རེད་''ཅེས་དང་། ཁ་ཛ་མི་ལགས་ཀྱིས། ''ཏ་ཟིག་གི་གསལ་བྱེད་ནི་ང་ཚོའི་སྐད་ལ་ཕན་པོ་མི་འདུག་སྟེ། སྦལ་ཏིའི་ཡིག་འབྲུ་མང་བོ་ཞིག་ཏ་ཟིག་གི་གསལ་བྱེད་ནང་འབྲི་ཐུབ་ཀྱིན་མི་འདུག དེའི་རྐྱེན་གྱིས་ང་ཚོའི་སྐད་ཡིག་ད་ཆར་སེམས་ཅན་བདག་མེད་དང་འདྲ་ཞིང་། ང་ཚོའི་སྙན་ངག་བཅད་མ་དང་ལྷུག་མ་ནི་ཟུངས་ཟད་ནས་སྐམ་རུལ་དུ་འགྱུར་བཞིན་ཡོད་''ཅེས་འགྲེལ་བརྗོད་བྱས་ཡོད། པ་ཀི་སི་ཐན་གྱི་ཨ་གྷ་ཁན་རིག་གཞུང་ཞབས་ཞུ་ཁང་དང་ལོན་ཌོན་བོད་ཀྱི་ཐེབས་རྩ་ཁང་གི་མཉམ་རོགས་འོག་ཁ་ཛ་མི་ལགས་ཀྱིས་༡༩༩༩ལོ་ནས་བཟུང་པ་ཀི་སི་ཐན་གྱི་སྦལ་ཏི་ཡུལ་དུ་བོད་ཡིག་སླར་གསོའི་ཕྱག་ལས་གནང་མགོ་བཙུགས་ཏེ། བོད་ཡིག་ནང་གཞི་རིམ་གྱི་སློབ་དེབ་དཔར་སྐྲུན་བྱས་པ་མ་ཟད། སྐར་རྡོ་གྲོང་ཁྱེར་ནང་གི་ཚོང་ཁང་གི་སྒོ་བྱང་རྣམས་བོད་ཡིག་ནང་འབྲི་བར་རོགས་རམ་བྱས་སྟབས། དེང་སྐབས་ཀྱི་ཕྱི་ལོགས་ཀྱི་མི་སུ་ཞིག་སྐར་རྡོ་གྲོང་ཁྱེར་དུ་འཛུལ་མ་ཐག་ཐོག་མར་མིག་ལམ་དུ་ཤར་བ་ནི་སྒོ་བྱང་འདི་དག་ཡིན་འདུག ཁ་ཛ་མི་ལགས་ཀྱིས་''ཁ་ཆེ་མུལ་ལ་རྣམས་ཀྱིས་འདི་དག་ནི་ཁ་ཆེ་བ་མིན་ཚུལ་གནོན་ཤུགས་ཕྱོགས་ཡོངས་ནས་སྤྲོད་ནའང་ང་ཚོར་མང་ཚོགས་ཀྱི་རྒྱབ་སྐྱོར་ཡག་པོ་རག་སོང་། ང་ཚོའི་དམིགས་ཡུལ་ནི་རིག་གཞུང་རྐྱང་བ་ཡིན་ལ། རིམ་བཞིན་ང་ཚོས་སྦལ་ཏི་ཡུལ་འདིར་རིག་གཞུང་གི་ལྗོངས་རྒྱུའི་ལས་དོན་ཡར་རྒྱས་གཏོང་གི་ཡིན་''ཞེས་བརྗོད་ཡོད། འདི་ལྟར་སྦལ་ཏི་རིག་གཞུང་ཐེབས་རྩ་ཁང་གིས་བོད་ཡིག་གི་འབྲི་རྒྱུན་སླར་གསོའི་ཞོར་དུ་སྦལ་ཏི་ཡུལ་གྱི་དུས་སྟོན་དང་གཞས། ཞབས་བྲོ། ལོ་རྒྱུས་ཀྱི་མཁར་རྙིང་སོགས་ཀྱང་བསྐྱར་གསོ་བྱེད་རྒྱུའི་འཆར་གཞི་ཡང་བཏིང་ཡོད་འདུག ཁ་ཛ་མི་ལགས་ཀྱི་ལས་གཞི་འདི་མགོ་བཙུགས་པ་ནས་བཟུང་ཁ་ཆེའི་ཆོས་དཔོན་དང་ཚོང་དཔོན་སོགས་ཁོང་གི་སར་བཅར་ཏེ་སྐྱོན་འཛུགས་བྱས་ཡོད་པ་དང་། ཁོང་གིས་དེ་དག་རེ་རེར་ཁ་ཏ་སློབ་གསོ་བྱས་ཏེ་ལས་གཞི་ལ་བར་ཆད་མ་བྱུང་ཙམ་ཡིན་པ་དང་། མང་བོ་ཞིག་ནི་ལས་གཞི་འདིའི་ཐད་གདེང་ཚོད་དེ་ཙམ་མེད་ནའང་སྐར་རྡོའི་གྲོང་ཁྱེར་དུ་སྦལ་ཏིའི་རིག་གཞུང་ཐེབས་རྩ་ཁང་ལ་བརྩི་མཐོང་ཆེ་ཞིང་། གྲོང་ཁྱེར་དེའི་ནང་གི་དཔེ་དེབ་བཙོང་མཁན་ཞིག་གིས་''མི་སུས་ཀྱང་ལོ་ངོ་བརྒྱ་ཕྲག་མང་བོའི་ལོ་རྒྱུས་ནག་བསུབ་གཏོང་གི་མ་རེད་''ཅེས་བརྗོད་ཡོད་ལ། ཁོང་གི་དཔེ་ཁང་ནང་གི་བོད་ཡིག་གི་གཞི་རིམ་སློབ་དེབ་དེ་འགྲིམ་རྒྱུག་ཆེན་པོ་ཡོད་ཚུལ་གོང་གསལ་གསར་འགོད་པར་འགྲེལ་བརྗོད་བྱས་པ་སོགས་སྦལ་ཏིའི་ཡུལ་མི་རྣམས་ཀྱིས་ལས་གཞི་འདིའི་ཐད་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་འདུག ཁ་ཛ་མི་ལགས་ཀྱིས་ལས་གཞི་འདིར་པ་ཀི་སི་ཐན་ཡུལ་དུ་ཆབ་སྲིད་ཀྱི་འགོག་རྐྱེན་ཅི་ཙམ་ཡོད་མེད་རྟོགས་དཀའ་ནའང་ཁོང་གིས་འདི་ནི་པཱ་ཀི་སི་ཐན་གྱི་ཨ་སི་ལ་མ་བྷ་ཌི་དང་འབྲེལ་བ་གང་ཡང་མེད་སྐོར་ཨུ་ཚུགས་ཀྱིས་བརྗོད་ལ། ''ང་ཚོས་སྦལ་ཏི་སི་ཐན་གྱི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། འདི་ནི་པཱ ཀི་སི་ཐན་ལ་ཁ་གཏད་བཅག་པ་ཞིག་ནམ་ཡང་ཆགས་ཀྱི་ཡོད་མ་རེད། ཐ་ན་ང་ཚོར་ཁྲིམས་ཐོག་གི་ཐོབ་ཐང་མེད་ནའང་། པཱ་ཀི་སི་ཐན་གཞུང་གིས་ང་ཚོར་ཁ་པར་དང་། གློག ལམ། སློབ་གྲྭ་སོགས་འཛུགས་སྐྲུན་ཐད་དཔལ་འབྱོར་གྱི་རོགས་རམ་རྒྱ་ཆེན་པོ་གནང་ཡོད་པ་རེད་''ཅེས་འགྲེལ་བརྗོད་གནང་ཡོད། སྦལ་ཏི་ཡུལ་འདིར་བོད་ཀྱི་འབྲོག་པ་རྣམས་དུས་ནམ་ཞིག་ནས་སླེབས་པ་གསལ་བོར་ཤེས་རྟོགས་བྱུང་མེད་ནའང་བོད་ཀྱི་བཙན་པོའི་རྒྱལ་རབས་སྐབས་ནས་བཟུང་སྦལ་ཏི་ཡུལ་ནི་བོད་རྒྱལ་ཁབ་ཀྱི་ས་ཁྱོན་ཆ་ཤས་སུ་གྲུབ་ཡོད་ལ། གང་ལྟར་ཡུལ་འདི་བོད་ལ་ཆོས་དང་རིག་གཞུང་གི་འབྲེལ་བ་ཆེན་པོ་ཡོད་སྟབས་དེང་སྐབས་ཀྱང་སྦལ་ཏི་ཡུལ་ལ་''བོད་ཆུང་བ་''ཞེས་འབོད་སྲོལ་དར་ཡོད་པ་རེད།དུས་རབས་བཅུ་གཉིས་པ་ནས་བཟུང་སྦལ་ཏི་ཡུལ་དུ་བོད་རིགས་མ་ཡིན་པའི་དབང་བསྒྱུར་བ་སླེབས་མགོ་ཚུགས་ཏེ་ཆོས་དང་རིག་གཞུང་ལ་ཡང་རིམ་བཞིན་འཕོ་འགྱུར་བྱུང་མགོ་ཚུགས། དུས་རབས་བཅུ་དྲུག་པ་ནས་བཟུང་ཡུལ་འདིར་ཏ་ཟིག་གི་ཁ་ཆེ་བ་རྣམས་དབུས་ཨེ་ཤ་ཡང་ཀཤཱི་སྨིར་སོགས་བརྒྱུད་ནས་སླེབས་པ་དང་བསྟུན་སྦལ་ཏི་ཡུལ་འདི་ཁ་ཆེ་ཆོས་ལུགས་སུ་བསྒྱུར་མགོ་ཚུགས་ཏེ། དེང་གི་དུས་སུའང་ཡུལ་འདིའི་བོད་རིགས་ཕལ་ཆེ་བ་ཁ་ཆེའི་ཆོས་སྒོར་ཞུགས་ཡོད་པ་རེད།

(རྩོམ་ཡིག་འདི་ནི་༢༠༠༥ལོའི་《བོད་ཀྱི་དུས་བབ་》གསར་ཤོག་ཅིག་ལས་འདྲེན་བཀོད་བྱས།)

2009/05/04

ངའི་ཕ་ཡུལ། ངག་མི་འཁྲོལ་བའི་ས་གཞི་སྐྱ་བོ།


ལྔ་བཅུའི་དུས་ཚིགས་རྒས་པའི་མྱ་ངམ་ཐང་དུ།།
བརྒྱད་ཅུའི་རྒན་པོའི་ཚེ་མཇུག་ལྷས་ལ་འཁྲེང་ཞིང་།།
ཉི་འོད་ཐོད་ལ་བསུ་བའི་གསོལ་འདེབས་ཁྲོད་ནས།།
ཞེན་ཆགས་ཕྱིར་མིག་གཉོམ་པོའི་ཆེམས་ཤིག་བཞག་ཡོད།།

ཕ་སའི་མཁའ་དབུགས་དྭངས་མོ་སྨག་གིས་སྒྲིབ་པས།།
བཙོན་མཁར་སྨུག་པོའི་ཕྱི་ནང་ཁྲག་གིས་སྦགས་ཤིང་།།
ཉི་ཐིག་དྲོད་དུ་སྒོམ་པའི་ཚེར་མའི་མལ་དུ།།
བདེན་དོན་རྡོག་པས་བརྫིས་པའི་ཞེ་འཁོན་ལྷག་ཡོད།།

རྩྭ་ལྗང་གཡུ་ཡི་གཞོངས་པ་འཕྲུལ་གྱིས་གཤགས་དུས།།
ས་བདག་ཧར་གྱིས་ཁྲོས་པའི་གཏམ་རྒྱུད་མ་བྱུང་།།
རི་བོའི་ནང་ཁྲོལ་བྲུས་པའི་སྐྱེལ་འདྲེན་ཁྲོད་ན།།
སྨྲ་ལྕེ་ཙག་གིས་བསྡམས་པའི་མནར་གཅོད་སྦྲུམ་ཡོད།།

སྐྱེ་ཁམས་སྲུང་སྐྱོབ་སྐད་ཀྱིས་རྨང་ནས་སྒུལ་བའི།།
མེས་པོའི་རིང་ནས་བརྒྱུད་པའི་རི་སུལ་འཚོ་བ།།
ཁྲ་ཆིལ་འུར་ཟིང་གྲོང་གི་མཐའ་ལ་ལྟེབས་དུས།།
འཚོ་གནས་སྲོག་དབུགས་ཆད་པའི་ཉེན་ཁ་སྦར་ཡོད།།

ཀ་ཁའི་རོལ་མོ་དཀྲོལ་བར་གཏིང་ནས་སུན་པས།།
ཨ་ནུའི་དྲིན་ལ་རྒོལ་བའི་གནས་ལུགས་མ་རྟོགས།།
ཚེ་སྲོག་སྲིད་མཐར་ཟད་པའི་འཇིག་ཉེན་བར་ན།།
ཕ་སྐད་གསེར་ནག་བོར་བའི་གྱོང་གུད་ཐེབས་ཡོད།།

རང་སྐྱ་སྒེར་གཤིས་ཚུགས་པའི་ལྷུ་ལག་འཐོར་བས།།
ཡོད་ཚད་གཞན་རྗེས་སྙེགས་པའི་ཨ་གསར་འཕྱུར་ཞིང་།།
རིགས་ཀྱི་ཁྱད་རྟགས་བརླག་པའི་བཤུལ་རྗེས་རེ་ན།།
གོམས་སྲོལ་ཡ་མ་བརླ་ཡི་ལུགས་ཤིག་དར་ཡོད།།

དུས་ཀྱི་འགན་འཁྲི་འདེགས་པའི་སྤོབས་སེམས་ཆུང་བས།།
བསམ་བློ་གང་དྲན་ལས་ཀྱི་གར་ལ་ཕྱོགས་སོང་།།
དུ་ཆང་རྒྱན་རྩེད་གཡེང་བའི་ཉིན་མཚན་བར་ན།།
རིག་གསར་ལང་ཚོ་རྒས་པའི་ཚོགས་ཤིག་ལྷག་ཡོད།།

སྟོད་ཀྱི་རི་བོའི་འགྱིང་ཉམས་འཕྲུལ་གྱིས་བཤིག་སོང་།།
སྨད་ཀྱི་མཚོ་མོའི་སྐ་རགས་མཚོན་གྱིས་བཅད་སོང་།།
ངག་མི་འཁྲོལ་བའི་ས་གཞི་སྐྱ་བོའི་མལ་ན།།
ང་ཡི་ཕ་ས་གོར་མོ་ཙག་གིས་བསྡམས་ཡོད།།
༢༠༠༩།༡།༡༢དགོང་མོར་བྲིས།

ཕྲུ་གུ་དམར་འབྱར་གྱི་ཤ་བྲོ་ལྡན་ཟས་རིགས་ལ་ངོས་འཛིན།




ཟླ་འདིའི་ཚེས་༢༥ ཉིན། བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལར་ན། རྒྱ་སྒོར་སྟོང་ཕྲག་གསུམ་བཞི་ཙམ་གྱི་འགྲོ་གྲོན་བཏང་ནས་མངལ་དུ་ཟླ་བ་དྲུག་བདུན་ཙམ་ཕྱིན་པའི་ཕྲུ་གུའི་ཤ་ལ་རོལ་རྒྱུ་དེ། ཐའེ་ཝན་ཚོང་པ་ཚོས་བྲོ་བ་ལྡན་པའི་ཟས་རིགས་ཁྱད་དུ་འཕགས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གྱི་གནས་ཚུལ་ཐོན་འདུག རུས་མིང་ཝང་ཟེར་བས་ཁོ་རང་གིས་རྟག་ཏུ་ཕྲུ་གུའི་ཤ་ཟ་ཡི་ཡོད་ཚུལ་བཤད་ཅིང༌། མངལ་དུ་ཟླ་བ་ཁ་ཤས་ཕྱིན་པའི་ཕྲུ་གུ་དམར་འབྱར་གྱི་ཤ་དང་སྨན་སྣ། དེ་བཞིན་བྱ་ཤའི་ཁུ་བ་བཅས་ཆུ་ཚོད་བརྒྱད་ཙམ་བསྐོལ་ནས་ཟོས་ན། དབུགས་གསོ་ཞིང་ཟུངས་ཁྲག་འཕེལ་གྱི་ཡོད་སྐོར་སོགས་བརྗོད་པར་བརྟེན། གསར་འགོད་པས་གསང་ཐབས་ཀྱིས་ཁོ་དང་མཉམ་དུ་ས་གནས་རང་དུ་ལྟ་བར་ཕྱིན་འདུག ཐོག་མར་ཚོང་པ་ཝང་གིས་གསར་འགོད་པ་རྒྱ་ནག་ཀོང་ཏུང་ཧྥོ་ཧྲན་གྲོང་ཁྱེར་དུ་ཕྲུ་གུའི་ཤ་ཡོད་པའི་ཟ་ཁང་ཞིག་ཏུ་ཁྲིད་པ་དང༌། ཟ་ཁང་དེའི་མ་བྱན་གྱིས་གསང་བའི་ངང་ནས་དེང་སང་ཤ་རག་ཁག་པོ་ཡོད་ཀྱང༌། ཕྲུ་མའམ་ཤ་མ་གསར་པ་ཡོད་ལུགས་དང༌། ཉེ་འགྲམ་དུ་ཡོད་པའི་བཟའ་ཚོ་གཉིས་ཀྱི་ད་ཡོད་ཕྲུ་གུ་གཉིས་ཀ་བུ་མོ་ཡིན་སྟབས་གལ་སྲིད་མངལ་ནང་གི་ཕྲུ་གུ་དེའང་བུ་མོ་ཡིན་ན། གསོད་རྩིས་ཡོད་སྟབས་ཕྲུ་གུའི་ཤ་རག་ཚུལ་བཤད་འདུག གསར་འགོད་པས་སྐད་ཆ་དེར་ད་དུང་ཡང་ཡིད་མ་ཆེས་པར་བདུན་ཕྲག་ཁ་ཤས་རིང་ས་གནས་རང་དུ་བརྟག་དཔྱད་བྱས་པ་དང། ཉིན་ཞིག་ཚོང་དཔོན་ཝང་གིས་གསར་འགོད་པར་ཁ་པར་བཏང་ནས་ཕྲུ་གུའི་ཤ་རག་ཡོད་པས་གྲོགས་པོ་འགས་ཟ་རྩིས་འདུག་ཅེས་བརྗོད་ཡོད་འདུག ཚོང་དཔོན་ཝང་གིས་གསར་འགོད་པ་ཁྲིད་དེ་ཟ་ཁང་དུ་འབྱོར་བ་དང༌། མི་མང་པོས་དེར་བསྒུག་ཡོད་པ་མཐོང་ཞིང༌། ཐབ་ཚང་ནང་ལྟ་བར་ཕྱིན་སྐབས་མངལ་དུ་ཟླ་བ་ལྔ་ལྷག་ཙམ་ཕྱིན་པའི་ཕྲུ་གུའི་རོ་དེ་པང་ལེབ་སྟེང་བཞག་ཡོད་པ་མཐོང༌། མ་བྱན་གྱིས་ཕྲུ་གུ་དེ་གྲོང་གསེབ་ནས་རག་ཚུལ་བརྗོད་ཅིང་དེར་རིན་གོང་ག་ཚད་སྤྲད་མིན་མ་བཤད་ཀྱང༌། ཡ་མཚན་པ་ཞིག་ལ་ཁོས་རིན་གོང་སྤྲོད་སྟངས་ནི་ཕྲུ་གུ་གསོན་པོ་ཡིན་མིན་ལ་བལྟ་དགོས་ཚུལ་བཤད་འདུག ཚོང་པ་ཝང་གིས་བརྗོད་གསལ་ལྟར་ན། རྫ་ཁོག་ཏུ་ཡོད་པའི་ཕྲུ་གུའི་ཤ་ཐེངས་གཅིག་ཟོས་ན་རྒྱ་སྒོར་སུམ་སྟོང་ལྔ་བརྒྱ་དགོས་ཀྱི་ཡོད་པ་དང༌། ཞིབ་ཕྲའི་གནས་ཚུལ་ཤེས་ཀྱི་མེད་ཅེས་བརྗོད་འདུག དེར་ཡོད་མི་ཚོས་བཤད་སྟངས་ལྟར་ན་ཕྲུ་གུ་མའི་མངལ་ནས་ཤོར་བ་དང༌། དེ་མིན་མངལ་ནས་ཕྱིར་བཏོན་ཏེ་བསད་པའི་རོ་རག་ཐབས་སུ་སྐྱེ་གཡོག་མར་རྒྱ་སྒོར་བརྒྱ་ཕྲག་ཁ་ཤས་སྤྲོད་དགོས་པ་དང༌། གལ་ཏེ་སྐྱེ་ལ་ཉེ་བའི་ཕྲུ་གུ་གསོན་པོ་ཡིན་ན་ཕ་མ་གཉིས་ལ་སྒོར་སྟོང་གཉིས་སྤྲོད་དགོས་ཀྱི་ཡོད་འདུག གནས་ཚུལ་དེ་དག་མཐོང་རྗེས་གསར་འགོད་པས་གཡོ་ཐབས་ཤིག་གིས་ས་གནས་དེ་ནས་ཁ་བྲལ་ཡོད་པ་དང༌། དེ་མིན་ཤེས་གསལ་ལྟར་ན་ཕྲུ་གུའི་ཤ་ཟ་མཁན་དེ་པེ་ཅིང་དུ་མངོན་གསལ་ཆེ་བའི་སྒྱུ་རྩལ་པ་ཞིག་ཡིན་སྐད་འདུག་ཅིང༌། ཁོས་ཕྲུ་གུའི་ཤ་ལ་རོལ་བ་དེ་ནི་སྒྱུ་རྩལ་རྣལ་མ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག ཁོས་ད་དུང་ཁོ་རང་གནམ་བདག་ཆོས་ལུགས་པ་ཡིན་ཞིང་ཆོས་དང་ཁྲིམས་ལུགས་ཐད་ནས་ཕྲུ་གུའི་ཤ་ཟ་མི་ཆོག་པའི་བཀག་སྡོམ་མེད་ལུགས་བརྗོད་ཡོད་པ་རེད།།

༼བོད་ཀྱི་བང་ཆེན།༽དྲ་རྒྱ་ནས་འདྲེན་བཀོད་བྱས།


2009/05/02

ལག་འཁྱེར་ཁ་པར་ལས་རང་ཁྱིམ་བསྲུང་ཐུབ་པ།

དེང་སྐབས་འཛམ་བུ་གླིང་གི་ལག་རྩལ་ཉིན་རེ་ལས་ཉིན་རེར་ཡར་རྒྱས་སུ་འགྲོ་བཞིན་པའི་སྐབས་དང་བསྟུན་ནས་མི་དགོས་པའི་ཇག་རྐུན་སོགས་ཀྱི་ལག་ཆའང་དེ་བཞིན་ཡར་རྒྱས་སུ་འགྲོ་བཞིན་པ་ལ་དམིགས་ནས་ཉི་ཧོང་དུ་ལག་འཁྱེར་ཁ་པར་བརྒྱུད་ནས་སོ་སོའི་སྡོད་གནས་ཀྱི་ཁང་པ་བསྲུང་སྐྱོབ་བྱེད་ཐུབ་པ་ཞིག་བཟོས་འདུག དཔེར་ན་སོ་སོའི་ཁང་པའི་ནང་དུ་བརྙན་གཟིགས་འཕྲུལ་ཆས་དང་སྒྲ་ཆེན་པོ་ཡོང་བའི་སྒྲ་སྒམ་མམ་སན་བྷོ་ཁུ་སུ་ཞིག་བཙུགས་ནས་ལག་འཁྱེར་ཁ་པར་དང་ཕན་ཚུན་འབྲེལ་མཐུད་སྒྲིག་སྦྱོར་བྱས་པ་ཡིན་ན། སོ་སོ་ས་ཆ་གང་དུ་ཡོད་ཀྱང་ནང་དུ་རྐུན་མ་སོགས་སླེབས་པ་ཡིན་ན་ལག་འཁྱེར་ཁ་པར་ལས་སོ་སོ་ལ་ཉེན་བརྡ་གཏོང་བ་མ་ཟད། རྐུན་མ་བརྒྱག་མཁན་གྱི་མི་དེ་བརྙན་གཟིགས་འཕྲུལ་ཆས་བརྒྱུད་ནས་རང་གི་ཁ་པར་ལས་མཐོང་ཐུབ་པ་མ་ཟད་མི་དེ་ལ་སྐྲག་སྐུར་བ་འམ་སྐད་ཆ་བཤད་ཐུབ་པ་སོགས་དམིགས་བསལ་གྱི་ཁྱད་ཆོས་འདུག


༼ཀླུ་བསམ་བློ་བའི་ཟིན་བྲིས་༽ལས་བཤུས།

ཉི་ཧོང་གི་ས་ཁོའུ་རའ་མེ་ཏོག


ལོ་རེའི་སྤྱི་ཟླ་བཞི་བའི་ནང་དུ་ཉི་ཧོང་གི་ས་ཁོའུ་རའ་མེ་ཏོག་དུས་སྟོན་ལ་རོལ་བཞིན་འདུགསྐབས་འདིར་པར་བ་དང་རི་མོ་བ།སྙན་ངག་པ་སོགས་ཀྱང་རང་རང་གི་འདོད་མོས་ལྟར་ཡུལ་ལྗོངས་ཀྱི་ལྟད་མོ་ལ་རོལ་ཞོར་དུ་སོ་སོའི་འཆར་སྣང་ལྟར་མེ་ཏོག་གི་ལང་ཚོ་དེབ་ཆུང་དུ་འགོད་བཞིན་འདུག དེ་མིན་འཆམ་འཆམ་དང་བཟའ་བཏུང་ལ་དགའ་བ་དག་ཀྱང་མེ་ཏོག་གི་དྲི་བསུང་ཁྲོད་ན་རོ་བརྒྱ་ཟས་ཀྱི་སྤྲོ་སྐྱིད་དཔལ་ལ་རོལ་བའི་དགོད་སྒྲའི་ཁེངས་འདུག
༼ཀླུ་བསམ་བློ་བའི་ཟིན་བྲིས་༽ལས་བཤུས།