2011/02/05

ཁྱོད་ཚོ་ཉི་མའི་ཁྱིམ་གྱི་བུ་རྒྱུད་ཡིན།

ན་ཟུག་གི་རྒྱུད་སྐུད་དཀྲོལ་པའི་བོད་ཀྱི་གླུ་བ་གླུ་མ་ཚོར་ཕུལ།

དུས་ཀྱི་ཡོ་ལང་བརྡ་འཕྲིན་འཕྲུལ་གྱིས་ཕྱེ།།

སིང་སིང་གླུ་སྐད་ཁ་བའི་ལྗོངས་སུ་འཕུར།།

སེམས་དང་སེམས་པའི་སྒྲ་དབྱངས་ཤུགས་ཀྱིས་གྱེར།།

མགོ་ནག་མི་ཡི་སེམས་པ་གླུ་ཡིས་བཀུགས།།


ཚེ་སྲོག་དབྱངས་དང་བསྡེབས་ཏེ་གླུ་རུ་གྱེར།།

གླུ་ཡི་ཁ་ཕྱོགས་རིགས་དང་རུས་ལ་གཏད།།

སེམས་པ་དམར་བོ་ཡིག་འབྲུའི་གསེང་དུ་བཞུར།།

སྙན་མོ་གླུ་ཡི་རིན་ཐང་ཞིག་པ་མེད།།


མི་སེམས་གྲང་མོ་པི་ཝང་རྒྱུད་དུ་དྲངས།།

བརྩེ་བ་དྲོན་མོ་དབྱངས་ཀྱི་རྣམ་པར་བཀུག།།

ངོ་གདོང་སྐྱ་བོ་དགའ་སྐྱོའི་ཉམས་ལ་བརྒྱུས།།

རྟོགས་སད་གླུ་བས་འཇིག་རྟེན་ཤུགས་ཀྱིས་བསྒུལ།།


འབྲོང་གི་རང་གཤིས་གར་གྱི་སྟེགས་བུར་མངོན།།

སེང་གེའི་གད་བརྒྱངས་ངག་གི་ཟླ་རུ་བརྟས།།

རྒྱང་རིང་ཨ་ཇོ་དྲན་པའི་གདུང་བ་དེ།།

ངོས་དང་ཟུར་ནས་ཕྱི་རོལ་ལྷང་ལ་བུད།།


བོད་པའི་གླུ་བས་མཐུན་སྒྲིལ་ལག་སྦྲེལ་ཏེ།།

འཕྲལ་དང་ཕུགས་ཀྱི་འདུན་མ་ཤུགས་ཀྱིས་བསྒྲགས།།

རང་ཉིད་རང་གིས་སྐྱོབ་ཚུལ་གླུ་རུ་བླངས།།

བོད་སྐད་གཙང་མའི་མངའ་ཐང་མཉམ་དུ་བསྲུངས།།


ན་ཟུག་རྒྱུད་སྐུད་དཀྲོལ་པའི་སྐད་ཅིག་མར།།

ཁ་བའི་མིག་ནས་བརླག་པའི་ལས་དབང་འཚུབ།།

མཆོང་ལྡིང་སྙིང་རྩའི་རྒྱུ་བ་མ་འགག་པར།།

མུན་པའི་མལ་དུ་ལྷུང་ན་ཉམ་རེ་ང་།།


ལྷོ་མཐའི་ཉི་ཟེར་རེ་བའི་ཞིང་ན་འཛུམ།།

ཁྱོད་ཚོའི་གླུ་སྐད་ཉི་མའི་འོད་ལ་འཁྲེང་།།

མིག་དང་རྣ་བས་རྒྱབ་མདུན་བསྲུངས་ན་ཡང་།།

ཁྱོད་ཚོ་ཉི་མའི་ཁྱིམ་གྱི་བུ་རྒྱུད་ཡིན།།


༢༠༡༠ལོའི་ཟླ་༩ ཚེས་༡༣ཉིན།

3 comments:

  1. ཨ་རོ་གང་ན་ཡོད། དེང་སྐབས་ཟིན་བྲིས་མ་སྤེལ་ལ་འགོར་སོང་ཡ།

    ReplyDelete
  2. ཕེབས་པར་དགའ་བསུ་ཞུ།

    ReplyDelete
  3. འབར་ཞུན།April 28, 2012 at 12:16 AM

    བཀྲ་ཤིས་བདེ་ལེགས།

    ReplyDelete

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་དྲ་དེབ་ཀྱི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས། དྲ་བདག་ཤིས་ཚང་ལྗང་མྱུག་གིས།