2008/10/29

ང་སྤེ་ཏི་ནས་ངུས་པ།

ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ནི་རྒྱ་ནག་རྒྱལ་ཁབ་ཀྱི་ཨོ་རྩལ་རྩེད་འགྲན་གྱི་མཛད་སྒོའི་དུས་ཆེན་གྱི་ཉིན་མོ་རེད། ཟླ་དེའི་ཚེས་༤
ཉིན་གྱི་ཞོགས་པར་ང་ཚོ་མི་གྲངསལྔ་བཅུ་ང་དྲུག་ཙམ་ཞིག་བོད་ཆེན་པོ་མངའ་རིས་དང༌། མངའ་བདག་འོད་སྲུང་ཆེན་པོའི་དབང་རིས་སུ་གཏོགས་པའི་མངའ་རིས་སྤེ་ཏི་རྟ་ཕོ་གྲོང་ཚོ་ན་ཡོད། གནས་དེ་ནི་ད་ལྟའི་བཤད་སྲོལ་ལྟར་ན་རྒྱ་གར་གྱི་ཡུལ་དུ་འབོད་མོད། དེ་རུ་རྒྱ་གར་གྱི་དྲི་ཙམ་མེད་པར་ཕྱིའི་ཁོར་ཡུག་གི་བཀོད་པ་དང༌། གནམ་གཤིས། མིའི་སྤྱོད་ལམ་གྱི་རྣམ་པ༌། སྡོད་ཁང་སོགས་འཚོ་བའི་ཁྱད་ཆོས་ཡོངས་སུ་རྫོགས་པར་བོད་དྲི་ཞིག་གིས་ཡོངས་སུ་བསྟིམས་ནས་འདུག ང་ཚེས་ཉིན་ཤིང་བཟའ་རིན་པོ་ཆེ་གཙོ་བོར་བྱས་པའི་ང་ཚོ་བོད་སྐྱོད་པ་རྣམས་ཀྱིས་མཚན་མོར་བོད་ཀྱི་ས་མཚམས་བརྒལ་བའི་འཆར་གཞི་བཏིང་སྟེ་གནས་དེར་གསང་ཡིབ་བྱས། ང་ཚོ་ཡིབ་སའི་ས་དེ་ནས་ད་ལྟའི་བོད་ཀྱི་ས་མཚམས་བར་ཏག་ཏག་ལེ་དབར་༢༦ ལས་མེད། ང་ཚོའི་སེམས་སུ་སྐྲག་སྣང་ཡོད་ལ། དགའ་སྤྲོ་ཡང་ཡོད། ང་ནི་ཅི་ལ་ཡང་བློ་ཐག་ཆོད་དཀའ་བའི་སེམས་ཆུང་ཞིག་ཡིན་པས། ལས་འགུལ་འདིའི་ཁྲོད་ཞུགས་པར་སེམས་ཀྱི་འཐབ་རྩོད་མང་པོ་ཞིག་བརྒྱུད་དགོས་ཐུག་ཅིང༌། གཅིག་ན་ང་རྒྱ་དམག་གིས་བསད་ན་ཅི་བྱེད། བཙོན་དུ་བཅུག་ན་ཅི་འདྲ་ཡིན་ནམ། གཉིས་སུ་ཕ་མ་གཉིས་ཀྱིས་གོ་ན་ཅི་བྱེད་དམ། ཁོང་གཉིས་ལ་སེམས་སྡུག་སྣོན་མ་ཞིག་སྤྲད་པ་མ་རེད་དམ། ང་ཚོ་འདི་ལྟར་གསང་བའི་ངང་བོད་དུ་བསྐྱོད་ན་དངོས་གནས་བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཤིག་འབྱུང་ངམ་སོགས་བསམ་བློ་མང་པོ་ཞིག་བཏང་མཐར། ཅི་ལ་ཡང་མ་རེག་པར་སེམས་ཐག་རྦད་ཀྱིས་བཅད་ནས་བོད་དུ་བསྐྱོད་རྒྱུ་བྱས། ང་ཚོ་མི་རེ་རེ་གློག་བརྙན་དུ་བླངས་ཏེ་བོད་དུ་བསྐྱོད་དགོས་པའི་རྒྱུ་མཚན་དང༌། རང་ཉིད་ཀྱིས་བོད་དོན་ལ་བཟུང་བའི་ལྟ་ཚུལ། བོད་མི་དམངས་ལ་ཞུ་རྒྱུའི་རེ་བ་སོགས་མདོར་ན་ཁ་ཆེམས་མང་པོ་བཞག་ཡོད་པ་དང༌། གལ་སྲིད་རྒྱ་དམག་གིས་དེ་མ་ཉིད་དུ་བསད་དབང་དུ་བཏང་ཡང་ཁ་ཆེམས་ཆ་ཚང་ཞིག་ཤུལ་དུ་བཞག་ཡོད། དེ་ནི་ང་ཚོ་རྒྱ་མིས་གསོད་གཏུབ་ཅི་བྱས་ཀྱང་འཛམ་གླིང་མི་དམངས་ལ་བདེན་དཔང་ཞིག་གི་ཆེད་དུ་དམིགས་ཡོད། ཐེངས་འདིའི་ལས་འགུལ་བྱེད་པོ་མང་ཆེ་བ་ནི་གདན་ས་གསུམ་གྱི་གྲྭ་བ་དང༌། སྒྲོལ་མ་གླིང་གི་བཙུན་མ་ཡིན་ལ། གོ་སྒྲིག་པ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་དང༌། རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་གཉིས་ཡིན། ང་ཚོ་མི་རེ་རེ་བཞིན་དང་བླངས་ཀྱིས་ལྡི་ལིར་འཛོམས་ཤིང༌། གསང་བའི་ངང་རེ་བ་ལྕི་མོ་ཞིག་ཁུར་ཏེ་བོད་ཀྱི་ས་མཚམས་ལ་འབྱོར་བར་ལེ་དབར་ཉི་ཤུའི་མཚམས་སུ་སླེབས་བྱུང༌། འོན་ཀྱང༌། ཉིན་དེའི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཡས་མས་ཤིག་ལ་ང་ཚོ་སྡོད་སའི་ཁང་བའི་སྒོ་རྡུང་མཁན་ཞིག་སླེབས། ཅུང་ཙམ་རིང་ཅི་ཡིན་ནམ་སྙམ་བཞིན་གྲག་མེད་དུ་བསྡད། གང་འཚམས་ནས་སྒོ་རྡུང་བའི་སྒྲ་ཤུགས་ཆེ་རུ་ཕྱིན། ང་ཚོའི་རོགས་པ་སེར་བྱེས་གྲྭ་ཆོས་རྒྱལ་ལགས་རྐུབ་བཅགས་ཤིག་གི་ཐོག་ཏུ་བུད་ནས་སྒོའི་ཡང་ཐོག་གི་རབ་གསལ་ལས་ཕྱི་རུ་བལྟས། གློ་བུར་དུ་ཁོང་གི་ངོ་གདོང་དམར་བོར་གྱུར་ཞིང་ད་དཔེ་བསགས་སོང༌། ང་ཚོ་མ་ཐར་ཁོ་ཐག་ཆད་སོང་ཟེར། མཚམས་དེར་སྒོ་རྡུང་བའི་སྒྲ་ཡང་སྔར་ལས་ཤུགས་ཆེར་སོང་བ་དང་ཁྲོག་ཁྲོག་གི་སྒྲ་དང་བཅས་མི་ཞིག་གིས་སྒོ་ཕྱེས་སོང༌། ངེད་ཚོའི་མིག་མདུན་དུ་སྣང་བ་ནི་སྤྱིར་བཏང་གི་མི་སེར་དཀྱུས་མའི་གོན་པ་གྱོན་པའི་རྒྱ་གར་དཔོན་རིགས་ཤིག་དང༌། ཉེན་རྟོག་པའི་ཆས་སྤྲས་པའི་མི་གཉིས་རེད། ཁོང་ཚོས་བརྗོད་རྒྱུར་སྐྲག་སྣང་བྱེད་དགོས་དོན་མེད། ང་ཚོ་ཁྱེད་ཅག་ལ་རོགས་པ་བྱེད་དུ་འོང་བ་ཡིན། ངོ་སྤྲོད་ལག་ཁྱེར་ཅི་ཡོད། སྒོ་ཕྱི་ལོགས་ནས་ཟྭ་རྒྱག་དགོས་དོན་ཅི་ཡིན་སོགས་ཟེར། ང་ཚོ་བོད་པ་ཡིན། གནས་འདིར་མཇལ་སྐོར་ལ་ཡོང་བ་ཡིན་སོགས་བཤད་པས། བོད་པ་ཡིན་ན་སྐྱབས་བཅོལ་ལག་དེབ་ཁྱེར་ཤོག་ཟེར། ང་ཚོ་སུ་ལ་ཡང་སྐྱབས་བཅོལ་ལག་དེབ་སྟོན་རྒྱུ་མེད། དེ་འདྲའི་ངང་ཉེན་རྟོག་པ་མང་དུ་འགྲོ་བཞིན་པ་འདྲ་ལ། ངེད་ཚོའི་ཁང་སྒོར་ས་གནས་ཡུལ་མི་མང་པོ་ཞིག་གིས་བསྐོར་ནས་འདུག ངེད་ཚོ་བོད་དུ་མ་ཐར་པ་ཐག་ཆོད་པའི་མཚམས་སུ་སླེབས་བཞིན་འདུག་སྟབས། སྔར་ནས་གྱོན་ཆས་ནང་སྦས་སྐུང་བྱས་ཡོད་པའི་བོད་ཀྱི་རྒྱལ་དར་ཕྱིར་བཏོན་ནས། རྒྱ་གར་དཔོན་རིགས་དེར་གནས་ལུགས་ར་སྤྲོད་བྱེད་ཐབས་བྱས། ང་ཚོ་ནི་བོད་མི་ཡིན་པ་དང་ང་ཚོ་བོད་དུ་འགྲོ་མཁན་ཡིན། འགྲོ་དོན་ཀྱང་ང་ཚོའི་ཕ་ཡུལ་དུ་སྤུན་ཟླ་མང་པོ་རྒྱ་ནག་གིས་དམར་གསོད་བྱེད་བཞིན་ཡོད་པ་ཁྱེད་ཚོས་ཀྱང་མཁྱེན་གསལ་ལ། ང་ཚོ་རང་གི་ཕ་ཡུལ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་རྒྱ་དམག་ལ་རྩིས་འབུལ་བྱེད་དུ་འགྲོ་གི་ཡོད་ཅེས་བཤད། བོད་ཀྱི་རྒྱལ་དར་མཐོང་བ་དང་ས་གནས་དེའི་མི་དམངས་ངུ་དུར་སེ་སོང་ཞིང༌། ངེད་ཚོར་གདུང་སེམས་ཀྱི་ཉམས་འགྱུར་ཤུགས་ཆེ་རུ་སོང་སྟེ། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་པ་སོགས་ཀྱི་སྐད་འབོད་ཀྱང་སྒྲོག་གི་འདུག སྐབས་དེར་ངས་རང་དབང་མེད་པར་མིག་ཆུ་ཤོར་ཞིང༌། ཡ་ཆུང་གཏིང་ནས་སྐྱོ་བའི་སེམས་པ་ནི་ཁ་ནང་དུ་ཐོན་གྲབས་བྱེད་ཀྱི་འདུག ས་གནས་དེའི་མི་དམངས་ནི་དོན་དངོས་ཀྱི་བོད་མི་ཡིན་པ་དང༌། ས་ཆ་ཡང་བོད་ཀྱི་ས་ཆ་བཀྲུས་ན་མི་དག་པ་དེ་རེད་འདུག འོན་ཀྱང་ད་ལྟ་་་་་་་་་་་་་ད་ལྟ་འདི་ཡང་མི་རིགས་གཞན་གྱི་འོག་ཏུ་ཤོར་ཞིང༌། ཡུལ་མི་འདི་ཚོ་ཡང་ཇི་འདྲའི་ཉམ་ཆུང་ཞིག དོན་དངོས་ཐོག་ང་ཚོ་རང་ཡུལ་ན་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བྱེད་ཀྱི་ཡོད་པ་རེད། འདི་ལྟར་བསམ་ཞིང་འདི་ལྟར་དྲན། ངའི་མིག་ཆུ་མང་དུ་ཕྱིན་ལ། སྐྱོ་གདུང་ཆེ་རུ་སོང༌། ཅུང་ཙམ་མིན་ན་དྲན་པ་བརྒྱལ་ལ་ཉེ། ཨུ་ཚུགས་ཀྱིས་རང་སེམས་གནོན་ཐབས་བྱས། དེ་འདྲའི་ངང་ལ་ང་ཚོ་ཐད་ཀར་ཉེན་རྟོག་པའི་ར་བ་ལས་རྒོལ་མཆོངས་བྱས་ཏེ་ཕྱིར་བུད་ཅིང༌། ཐད་ཀར་བོད་དུ་བསྐྱོད་པའི་ལམ་གཞུང་བསྙེགས་ནས་བྲོས། གང་འཚམས་ནས་རི་མགོར་ཕྱོགས་ཏེ་ཁ་འཐོར་ནས་བྲོས། འབྲས་སྤུངས་ཀྱི་གྲྭ་བ་ཞིག་ཐད་ཀར་གཡང་གཟར་ཧ་ཅང་ཆེ་བའི་བྲག་ངོས་ཤིག་ཏུ་འགོས་ཤིང༌། གལ་སྲིད་རྒྱ་གར་ཉེན་རྟོག་པས་ང་ཚོ་འཇུ་བཟུང་བྱེད་རྒྱུ་གཏན་འཁེལ་ན་ངའི་རང་སྲོག་གཅོད་རྒྱུ་ཟེར། དེ་བཞིན་བཙུན་དགོན་སྒྲོལ་མ་གླིང་གི་ཨ་ནེ་སྐོར་ཞིག་ཀྱང་དྲན་པ་བརྒྱལ་ནས་ཤི་ལ་ཁད་དུ་འདུག ང་རང་ཨུ་ཚུགས་བརྒྱབ་སྟེ་རང་སེམས་གནོན་ཐབས་དང༌། དོན་མེད་ཀྱི་ཆག་སྒོ་མི་ཡོང་བའི་ཐབས་རེ་བཙལ་ཐབས་བྱས། འོན་ཀྱང་ངས་ཅི་ཡང་འཇོན་མ་སོང༌། ཤིང་བཟའ་རིན་པོ་ཆེ་དབུགས་འཚུབས་ནས་ལོག་ཞོར་ལངས་ཞོར་གྱི་བྲག་ངོས་ཀྱི་མི་མར་འཕབ་ཐབས་བྱས་ཤིང༌། ཡུལ་མི་ཚོས་ཀྱང་དབུགས་ཧལ་ཧལ་ངང་ཆུ་གྲང་མོ་དང་མངར་ཟས་རིགས་རི་ངོས་ལ་བསྐྱལ་ནས་ཡོང༌། རྒྱ་གར་ཉེན་རྟོག་པ་ཚོར་བྱེད་རྒྱུ་ཅི་ཡང་མེད་པར་རང་རང་སར་དབུགས་ཧལ་ཧལ་ངང་འདུག་ལ། ང་ཚོ་ཡང་འགྲོ་སྡོད་ཀྱི་སོ་མཚམས་དབྱེ་དཀའ་བའི་མཚམས་སུ། ཐམས་ཅད་ཕྱོགས་གཅིག་ཏུ་འཚོགས་ནས་གྲོས་བསྡུར་ཞིག་བྱས་རྗེས། སླར་ཡང༌། སྔོན་གྱི་སྡོད་ཁང་དུ་ལོག་ནས་གྲྭ་བཙུན་རྣམས་ཀྱིས་གྲྭ་ཆས་སྤྲས་ཤིང༌། རྡོག་ཁྲེས་ཆུང་ངུ་རེ་ཁུར་ནས་སླར་ཡང་ལམ་དུ་ཆས། ཅུང་མ་འགོར་བར་མདུན་རྒྱབ་གཉིས་ནས་ས་མཚམས་སྲུང་དམག་གིས་བསྐོར་ཞིང༌། སྐར་མ་ལྔའི་རིང་རང་འགུལ་ངང་རླངས་འཁོར་དུ་མ་བུད་ན་མེ་མདའ་རྒྱག་རྒྱུ་ཡིན་པའི་འཇིགས་བསྐུལ་ཡང་བྱས། སྔོན་གྱི་ཉམས་མྱོང་ལྟར་ན་མེ་མདའ་ལས་སླ་བོར་མི་རྒྱག་པ་ནི་ཚོད་ཐུག་པ་ཞིག་རེད། ང་ཚོས་དམག་མི་རུ་སྒྲིག་པའི་དཀྱིལ་དུ་རང་རེ་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་ཞིག་གྱེར་བ་ཡིན། སྐབས་དེར་ཡུལ་དེའི་མི་དམངས་ང་ཚོ་དང་མཉམ་དུ་ལངས་ཏེ་བོད་ཀྱི་རྒྱལ་གླུ་བྱང་ཆ་ལྡན་པར་བླངས་སོང་བས་ང་རང་སླར་ཡང་ངུ་ཁ་ལངས་བྱུང༌། སེམས་འགོ་གནོན་ཐབས་ཇི་ལྟར་བྱས་ཀྱང༌། དེ་རིང་ནི་དངོས་གནས་སེམས་པ་རང་དབང་ན་མི་འདུག ས་འདིའི་མི་དམངས་ཀྱི་བརྩེ་སེམས་ནི་ལྷན་སྐྱེས་ཀྱི་འཛུམས་ཆུང་དང་ལྷན་དུ་འཕྱུར་ཞིང༌། རང་གཤིས་ལས་བོད་གདོང་དམར་བའི་ཁྱད་རྟགས་མངོན་ཏེ་འོང༌། རྒྱ་གར་དབྱིན་གཞུང་ནས་ད་ལྟའི་བར་ཕྱིའི་བཙན་དབང་འོག་མུ་མཐུད་དུ་གནས་ཀྱང་ད་དུང་ཡང་བོད་དང་བོད་ཀྱི་ཁྱད་རྟགས་བླ་ལྷག་ཏུ་གནས་པ་མ་ཟད་བོད་ཀྱི་རྒྱལ་གླུའི་ཚིག་དང་དབྱངས་ལ་བྱང་ཆ་ལྡན་པའི་མངོན་རྟགས་འདིའི་ང་ལ་མངོན་མེད་ཀྱི་བརྩེ་དུང་ཞིག་སྤྲད་བྱུང་ལ། བོད་ཀྱི་ཤེས་ཡོན་པ་དང་ན་གཞོན་ཚོའི་ལྡོག་མེད་ཀྱི་འགན་འཁྲི་ནི་ཇི་འདྲའི་ལྕི་ཞིང་དོན་སྙིང་ལྡན་པ་ཞིག་དང༌། གནས་འདི་དང་འདི་འདྲ་བའི་རྒྱ་ཆེའི་མི་དམངས་ཀྱི་ལྡོག་དཀའ་བའི་བརྩེ་དུངས་དེ་ཤ་དང་ཁྲག་གི་གཏིང་རུམ་ནས་འཕྱུར་ཏེ། བོད་ཀྱི་དུས་རབས་གསར་པའི་གཞོན་སྐྱེས་ཚོར་ཕངས་མེད་འབུལ་བཞིན་པའང་ཚོར་བྱུང༌། མཐར་ང་ཚོ་དྲག་དམག་གི་དཀྱིལ་དུ་བཅུག་ནས་རེ་རེ་བཞིན་ལུག་འཛིན་པ་ལྟར་རྐང་བ་ནས་འཇུས་ཏེ་རླངས་འཁོར་དུ་བཅུག་ཅིང༌། དམག་མིའི་དྲག་རྩུབ་བྱེད་ཐེངས་རེར་ཡུལ་མི་ཚོས་སྐད་བརྒྱབས་ནས་དམག་མི་ཚོ་རུབ་ཡོང་ལ། སྤེ་ཏི་ཡུལ་གྱི་ཇོ་ལགས་ཤིག་གིས་དམག་མིར་བརྗོད་རྒྱུར། མི་འདི་ཚོ་འཇུ་བཟུང་བྱེད་མིན་དེ་ཁྱོད་ཚོའི་དབང་ཚད་རེད། འོན་ཀྱང་དྲག་རྩུབ་སྤྱོད་མི་ཆོག གལ་སྲིད་ཁྱོད་ཚོས་དྲག་རྩུབ་སྤྱད་ན་ང་ཚོའི་དབར་རྙོག་དྲ་ཆེན་པོ་ཡོང་གི་རེད་ཅེས་ཀྱང་ཟེར། མདོར་ན་ཕྲུ་གུ་ཆུང་ཆུང་ཚོ་དང༌། གཞོན་ནུ་མ་ཚོ། སྟག་ཤར་གཞོན་པ་ཚོ། ལོ་ལོན་རྒན་རྒོན་བཅས་ས་དེའི་ཡུལ་མི་ཡོངས་སུ་རྫོགས་པ་ང་ཚོའི་ཕྱོགས་སུ་ལངས་ཤིང༌། ང་ཚོ་དང་མཉམ་དུ་མིག་ཆུ་བཏོན་ཏེ། བོད་མི་རིགས་ཀྱི་སྐྱོ་ལ་སྡུག་པའི་ལས་དབང་ལ་འཁང་ར་ཐེངས་གཅིག་བྱས་པ་ནི་ངའི་ཡ་ཆུང་སེམས་པའི་གཏིང་ནས་བརྗེད་ཐབས་ཤིག་མི་འདུག དེ་ལྟར་ང་ཚོ་བཙོན་འཇུག་བྱས་རྗེས་ཉིན་ཞག་དྲུག་ཙམ་ལ་བཟའ་བཏུང་གང་ཡང་མེད་པའི་ཟས་བཅད་ངོ་རྒོལ་བྱས་མཐར་རེ་གོང་སྤིའོ་ཞེས་པའི་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་ངེད་ཚོ་གློད་བཀྲོལ་བྱེད་ཆོག་པའི་དཔང་ཡིག་བསྩལ་བྱུང༌། འོན་ཀྱང་ངའི་མི་རིགས་ཀྱི་འཐབ་རྩོད། ངའི་མི་རིགས་ཀྱི་ལས་དབང༌། ད་དུང་སྤེ་ཏི་མི་དམངས་ཀྱི་བརྩེ་དུངས། སྤེ་ཏི་དང་འདྲ་བའི་མི་དམངས་ཁྲི་ཕྲག་མང་པོའི་རེ་སྒུག་དང་སྐྱོ་གདུང༌། སངས་དཀའ་བའི་སྨུག་སྤྲིན་ཞིག་དང་འདྲ་བར་དུས་རབས་འདིའི་བོད་མི་ཚོ་སེམས་གཏིང་ན་འཁྲིགས་བཞིན་འདུག ངའི་སེམས་པ་སྤེ་ཏིའི་ཡུལ་དུ་ཟུག་བྱུང༌། ངའི་སེམས་པ་གདོང་དམར་བའི་ཁྲག་རྒྱུན་ལས་མཆེད་པའི་སྤེ་ཏི་བར་དགའ་སོང༌།
༼རྭ་རྒྱ་བློ་དབང་གི་ཟིན་བྲིས་ལས་འདྲེན་བཀོད་བྱས༽།

2 comments:

  1. ཁྱོད་ལ་བཀྲ་ཤྀས་བདེ་ལེགས།

    ReplyDelete
  2. ང་བློ་དབང་ཡིན། དེ་རིང་གཞི་ནས་ས་འདིར་སླེབས་སོང་། ཉིན་མང་པོའི་ཞིག་ལ་ཡོང་བ་དཀའ་ལས་ཧ་ཅང་ཁག་སོང་། གྲོགས་པོ་ལགས། ཁྱེད་ཀྱི་གུས་པའི་རྩོམ་ཡིག་འདི་ལ་གདེང་འཇོག་གིས་འདིར་དྲངས་པར་ཐུགས་རྗེ་ཆེ་ཞུ། ཟིན་བྲིས་འདི་ཡག་པོ་བཟོས་འདུག དངོས་གནས་ཡིན། མུ་མཐུད་དུ་ཡིན་ད།

    ReplyDelete

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་དྲ་དེབ་ཀྱི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས། དྲ་བདག་ཤིས་ཚང་ལྗང་མྱུག་གིས།