2009/05/10

བོད་ཚིགས་སུ་བཅད་པ།

ནོར་གྱི་རྡང་ཐག་ཆད་པའི་སེམས་རྩ་གྲང་མོ།།
ཞིང་ཁའི་རྣང་མ་་བོར་བའི་ངོ་མདངས་གཉོམ་པོ།།
ཁ་གཡང་བསླུ་བྲིད་བསྣོལ་བའི་བཀོད་ཁྱབ་བཙན་པོས།།
ཨར་འདམ་རྣོ་ལྕགས་སྦྲེལ་བའི་འཚོ་བར་སྒྲིལ་ཡོད།།

མེ་ཏོག་སྤང་ནས་འཐོར་བའི་ཐན་ལྟས་ཤིག་གིས།།
མགོ་སྦྲ་རླུང་གིས་འཁུར་བའི་འཇིགས་དངངས་ཚོར་བྱུང་།།
རྩྭ་རྐང་རྩད་ནས་སློག་པའི་འཕྲུལ་གྱི་སོ་བར།།
དམར་བོ་ལྕེ་སྣེ་བསྲིངས་པའི་བློ་སྤོབས་འཐག་ཡོད།།

ཀ་ཁའི་སྐེ་རྩ་བསྒག་པའི་འཁུན་སྒྲ་གཉོམ་པོ།།
མ་ཎིའི་ཐེ་ཇུས་གླེང་བའི་དབྱངས་རྟ་རལ་བོ།།
འཆར་གཞི་གཏིང་ནག་ཅན་གྱི་ལས་མཁན་དེ་ཡིས།།
འདི་དང་ཕྱི་མའི་མཚམས་ཀྱི་ཐོ་རུ་བསླངས་ཡོད།།

ཉལ་ཐའི་བཟི་སྣང་འདྲེས་པའི་ཆང་ཁང་ནག་པོ།།
སྨད་འཚོང་བུ་མོ་གཉེར་བའི་ཇ་ཁང་ཞིམ་པོ།།
རྒྱ་གྲོག་སྔོན་མོས་ཁེངས་པའི་གྲོང་དང་གྲོང་ནས།།
མི་སྡེ་ཚོ་ཁག་རལ་བའི་བཀོད་པར་ཕུབ་ཡོད།།

ནོར་གྱི་བམ་ཁ་མཐུག་པོའི་བསླུ་ལུགས་ཤིག་གིས།།
བསམ་བློའི་འབྱོར་ཕྱུག་ཚོང་ཟོང་ཁྲོམ་ལ་བཤམས་འདུག།།
ཁྱིམ་གྱི་མཐུན་འབྲེལ་ཨ་ལོང་གཏོར་བར་འདོད་དེ།།
རུས་དང་རིགས་ཀྱི་གོང་བུ་དུམ་བུར་བགོས་ཡོད།།

བློ་ཕུགས་འདྲེ་ལ་བཅོལ་བའི་དད་འདུན་རིང་མོ།།
གློ་དང་རྒྱུ་མའི་གསེང་ན་ཁྲག་ཏུ་འདྲེས་སྐད།།
དགྲ་བོའི་རྒྱུ་ནོམ་གཟེད་པའི་བྱེད་སྟངས་སྡུག་པོས།།
སྒོ་ཁྱི་བདག་པོར་སྡང་བའི་ལོ་རྒྱུས་བསྐྲུན་ཡོད།།

གྱི་ལིང་རྟ་ཕོའི་བང་རྩལ་སྒྲོག་གིས་བཅིངས་སོང་།།
སྨུག་པོ་འབྲོང་གི་རྭ་རྩེ་མཚོན་གྱིས་བསྙིལ་སོང་།།
འབོད་པས་གནམ་ས་འགེངས་པའི་དུར་མལ་དེ་ནས།།
གོ་ལའི་ལྟེ་སྙིང་སྒུལ་བའི་ཟིན་ཐོ་བཏབ་ཡོད།།

དགུང་གི་ཉི་མ་སེར་བོའི་རྒས་ཉམས་བསམ་ན།།
ཟླ་བ་ཆུ་ལ་བྱིང་བའི་འདས་དོན་དྲན་ན།།
ཕོ་བྲང་སྟོང་བར་ལྷག་པའི་བྱུང་བ་བསམ་ན།།
མགོ་བོ་བྲང་ལ་དུད་དེ་སྡོད་ལོང་འདུག་གམ།།

༢༠༠༩།༥།༩དགོང་མོར་བྲིས།

No comments:

Post a Comment

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་དྲ་དེབ་ཀྱི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས། དྲ་བདག་ཤིས་ཚང་ལྗང་མྱུག་གིས།